རྒྱ་རིགས་ཀྱི་མེར་སྲེག་ལ་ཁྲིམས་གཞི་གང་དང་རྒྱུད་སྐུལ་སུས་བྱས་པ་རེད་དམ།
བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་དེ་འགོག་ཆེད་དུ། རྒྱ་གཞུང་གིས་<བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར་>ཞེས། བོད་མི་རང་ལུས་མེར་སྲེག་གནང་མཁན་དང་འབྲེལ་ཡོད་ཀྱི་ནང་མི་སྤུན་མཆེད། གྲོང་ཁྱིམ་མཚེས། གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་མཆོད་འབུལ་གནང་མཁན། མྱ་ངན་འདུ་འཛོམས་བྱེད་མཁན་ཡོངས་རྫོགས་ལ་དམ་དྲག་གི་ཆེད་དུ་ཁྲིམས་གཞི་ཞིག་ཁྱབ་བསྒྲགས་བྱས་པ་རེད། ཡིན་ནའང་ཟླ་འདིའི་ཚེས་ ༡༤ ཉིན། རྒྱ་ནག་ཧྥུ་ཅཱན་ཞིང་ཆེན་མི་དམངས་འཐུས་མིའི་ལྷན་ཁང་དང་མི་དམངས་སྲིད་གྲོས་གཉིས་ཀྱི་ལས་ཁུངས་ཉེ་འཁྲིས་སུ། ས་གནས་ཧྲན་ཡཱིག་རྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས། རྒྱ་གཞུང་ཁྲིམས་ཁང་གིས་དྲང་བདེན་མ་ཡིན་པར་ཡུལ་མིར་མ་ཉེས་ཁག་གཡོགས་ཀྱི་ཉེས་མིང་བཀལ་ཏེ་སྡུག་གྱོང་མནར་གཅོད་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད། རྒྱ་གཞུང་གིས། རྒྱ་མི་རང་ལུས་མེར་སྲེག་བྱེད་མཁན་དེ་གཉིས་ལ་ཁྲིམས་གཞི་གང་ཞིག་ལག་བསྟར་བྱེད་རྩིས་ཡོད་ན། མེར་སྲེག་དེའང་ཏཱ་ལིའི་ཁ་བྲལ་རིང་ལུགས་པ་དང་སྐྱབས་བཅོལ་སྲིད་གཞུང་གིས་རྒྱུད་སྐུལ་བྱས་པ་ཞིག་རེད་དམ??????????????
བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་གྲངས་ ༩༥ ཆགས་ཟིན་ཡོད། རྒྱ་གཞུང་གིས། དང་ཐོག་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོ་རིག་འཚོ་མ་ཟིན་པ་དང་། ནང་མིའི་དཀའ་ངལ་ཡོད་མཁན། འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། ཆོས་ལུགས་ལ་རྒོལ་མཁན། རྒྱ་ཁབ་ཁ་བྲལ་གཏོང་མཁན། ཏཱ་ལའི་ཁ་བྲལ་རིང་ལུགས་པས་རྒྱུད་སྐུལ་བྱས་པ་རེད། ཁ་བྲལ་བའི་ཕྱོགས་གཏོགས་ཟེར་བ་སོགས་ངན་ཁག་མང་པོ་ཞིག་གཡོགས་ཡོད། ད་དུང་མེར་སྲེག་གི་རྒྱུལ་སྐུལ་བ་དང་མེར་སྲེག་གི་དོན་རྐྱེན་འབྱུང་བའི་སྔོན་བརྡ་སོགས་སྤྲོད་མཁན་ཡོད་ན། རྒྱ་སྒོར་ཁྲི་མང་པོ་སྤྲོད་རྒྱུ་ཡིན་སྐོར་གྱི་བརྡ་ཁྱབ་སོགས་བཏང་ཡོད་རུང། བོད་ནང་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་མཚམས་ཆད་མེད་པར་བརྟེན། ཉེ་དུས་རྒྱ་གཞུང་གིས། (ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་<བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར་>འོག་རིམ་ལ་ཁྱབ་བསྒྲགས་བྱས)ཞེས། ཟླ་འདིའི་ཚེས་ ༣ ཉིན་རྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
བསམ་འཆར་དེའི་ནང་། ༡༽བསམ་བཞིན་མི་བསད་པའི་ཁྲིམས་དང་འགལ་བ། ༢༽མི་མང་མཉམ་རུབ་ཀྱིས་འདུ་འཛོམས་བྱ་ཡུལ་དང་འགྲིམ་འགྲུལ་བཅས་ཀྱི་གོ་རིམ་དཀྲུག་པའི་ཁྲིམས་དང་འགལ་བ། ༣༽བསྙད་རྐོ་ཟིང་སློང་གི་ཁྲིམས་དང་འགལ་བ། ༤༽མི་མང་མཉམ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་དཀྲུག་པའི་ཁྲིམས་དང་འགལ་བ། ༥༽གཞུང་དོན་ལ་གནོད་འཚེ་བྱས་པའི་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་དུས་ཐོག་བདའ་འདེད་བྱེད་རྒྱུ་བཅས་གཙོ་བོ་འཁོད་ཡོད།
དེ་ཡང་དང་པོའི་ནང་། སྤྱི་བདེ་མི་སྣ་དང་ཉེ་རྟོག་པ། སྨན་བཅོས་མི་སྣ་སོགས་བཀའ་འགོག་བྱས་པ་དང་། དེ་བཞིན་རང་ལུས་མེར་སྲེག་གི་ཆེད་དུ་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན་རྣམས་ལ་ཉེས་ཁྲིམས་གཅོད་རྒྱུ། གཉིས་པའི་ནང་། རང་ལུས་མེར་སྲེག་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློབ་བ་སོགས་བྱས་ན་ཉེས་ཁྲིམས་གཅོད་རྒྱུ། གསུམ་པའི་ནང་། རང་སྲེག་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་སློང་སྟེ་མི་མང་འདུ་འཛོམ་བྱ་ཡུལ་གྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པའི་ཉེས་ཁྲིམས་གཅོད་རྒྱུ། བཞི་པའི་ནང་། མི་མང་འདུ་འཛོམས་བྱ་ཡུལ་དུ་རང་སྲེག་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤྱི་པའི་བདེ་དོན་ལ་གནོད་སྐྱེལ་བའི་ཉེས་ཁྲིམས་གཅོད་རྒྱུ། ལྔ་པའི་ནང་། སྤྱི་བདེའི་མི་སྣ་དང་། ཉེན་རྟོག་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་བཅས་ཀྱིས་གཞུང་དོན་བྱེད་སྐབས་འགོག་རྐྱེན་བཟོ་བ་དང་། གནད་དོན་ཚབས་ཆེན་བྱུང་ན་ཉེས་ཁྲིམས་གཅོད་རྒྱུ་ཞེས་ཁྱབ་བསྒྲགས་བྱས་ཡོད།
བོད་ནང་རང་ལུས་མེར་སྲེག་གནང་མཁན་དང་འབྲེལ་ཡོད་ཀྱི་མི་སྣ་དང་ནང་མི། ཁྱིམ་མཚེས། གྲོང་མི་སོགས་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བྱེད་མཁན་གྱི་སྐུ་ཕུང་རྒྱ་ལག་ཏུ་མི་ཤོར་བ་དང་། བོད་ལུགས་ལྟར་ཞལ་འདོན་སྨོན་ལམ་སོགས་ཀྱིས་རྗེས་འཇུག་སྒྲུབ་སྲོལ་ཡོད་པ་ལྟར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ད་དུང་ས་གནས་མང་པོའི་ནང་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་སྨོན་ལམ་འཚོགས་པ། མི་རྒན་པ་ཚོས་གཏམ་བཤད་སྤེལ་བ་སོགས་ཚང་མས་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་བཞིན་ཡོད། རྒྱ་གཞུང་གིས་བསམ་འཆར་འདི་ཁ་གཡར་ཆེད་དུ་བཀྲམ་ནས། ད་ལྟའི་སྐབས་བོད་ནང་འགྲོ་བཞིན་པའི་མི་མང་འདུ་འཛོམས་དང་བསྔོ་སྨོན། རང་ལུས་མེར་སྲེག་བྱེད་མཁན་གྱི་སྐུ་ཕུང་གདན་འདྲེན་ཞུ་མཁན། ནང་མིར་སེམས་གསོའི་དངོས་པོ་སྤྲད་མཁན། དེ་མིན་དགོན་སྡེ་དང་སློབ་གྲྭ། གྲོང་མི་སོགས་སུ་གནད་ཡོད་མི་སྣ་རྣམས་ལ་རང་སྲེག་ངན་སྐུལ་བ་དང་ཇུས་འགོད་པ་སོགས་ཀྱི་ཁག་དཀྲིས་ནས་བོད་མི་མང་པོ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་འགོ་བཙུགས་ཡོད། ཐ་ན་རང་ལུས་མེར་སྲེག་བྱེད་མཁན་ལ་བལྟས་པ་ཙམ་གྱིས་ཉེས་ཁྲིམས་གཅོད་རྒྱུ་ཞེས་ཁྱབ་བསྒྲགས་ཟིན་པས་བོད་ནང་གི་བོད་མི་ཚོ་འགྱེལ་བའི་སྒང་ལ་རྡོག་རྫིས་རང་གཏོང་བཞིན་ཡོད།
ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་ནག་ཧྥུ་ཅཱན་ཞིང་ཆེན་མི་དམངས་འཐུས་མིའི་ལྷན་ཁང་དང་མི་དམངས་སྲིད་གྲོས་གཉིས་ཀྱི་ལས་ཁུངས་ཉེ་འཁྲིས་སུ། ས་གནས་ཧྲན་ཡཱིག་རྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས། རྒྱ་གཞུང་ཁྲིམས་ཁང་གིས་དྲང་བདེན་མ་ཡིན་པར་ཡུལ་མིར་མ་ཉེས་ཁག་གཡོགས་ཀྱི་ཉེས་མིང་བཀལ་ཏེ་སྡུག་གྱོང་མནར་གཅོད་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བར། རྒྱ་གཞུང་གིས། རྒྱ་མི་རང་ལུས་མེར་སྲེག་བྱེད་མཁན་ལ་ཁྲིམས་གཞི་གང་ཞིག་ལག་བསྟར་བྱེད་རྩིས་ཡོད་ན། (ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་གང་ཞིག་བྱེད་གྲབས་ཡོད་དམ།) མེར་སྲེག་དེའང་ཏཱ་ལིའི་ཁ་བྲལ་རིང་ལུགས་པ་དང་སྐྱབས་བཅོལ་སྲིད་གཞུང་གིས་རྒྱུད་སྐུལ་བྱས་པ་ཞིག་རེད་དམ??????????????