གྲ་སྒྲིག་དང་རེ་བ།
འཐབ་རྩོད་ནི་ཡུལ་དུས་གང་ལ་ཡོད་ཆོག་ལ། འཐབ་བྱུས་བཟང་ངན་གྱིས་རྐྱེན་པས་རྒྱལ་ཕམ་ཡང་ཡུལ་དུས་གང་ལ་ཡོད་ཆོག བཙན་པོའི་དུས་རབས་ནས་བཟུང་འཐབ་རྩོད་ཀྱིས་འཇུག་པ་རྒྱུན་ཆད་མ་མྱོང་ཡང་བཙན་པོའི་དུས་རབས་སུ་རྒྱལ་ཁ་རིམ་པ་བླངས་བ་ཡང་ལོ་རྒྱུས་ཀྱིས་དཔང་པོ་ཐུབ་པ་ཞིག་རེད།
འཐབ་རྩོད་ཀྱི་རྒྱུད་རིམ་ཁྲོད་རྒྱལ་བ་ནས་ཕམ་པ་དང་ཕམ་པ་ནས་རྒྱལ་བ་གྱུར་པ་ཡང་མང་པོ་རེད་པས། ལན་གཅིག་ཕམ་ན་ཕམ་པ་མིན་པའི་གནས་སྟངས་ཀྱང་གསལ་པོ་རེད། ལོ་རྒན་དྲུག་བཅུ་ལ་ཉེ་བའི་བྱུས་ཤོར་གྱི་ཕམ་ཁ་རྩེག་མ་འདི་ནི། ཐབས་བྱུས་ཀྱིས་མ་འདང་བ་དང་། ཕར་ཕྱོགས་ཀྱི་འགལ་རྐྱེན་རྒོད་པ་ལས་བྱུང་བ་ལོས་ཡིན། ད་དུང་ཡང་། ཕམ་ཁ་ནས་ཕམ་ཁ་རྒྱུད་། མི་རིགས་དང་རིག་གཞུང་དཔལ་འབྱོར་དང་འཁོར་ཡུག་བཅས་པར་ཕམ་ཉེས་ཡོངས་ཀྱི་མཐར་ལྷུང་སྟེ་ཡོད་ནའང་། འཐབ་བྱུས་གསར་པ་དང་གྲ་སྒྲིག་གསར་པ་གང་ཡང་མེད་པར། གླུ་ཚིག་རྙིང་པ་ལ་དབྱངས་རྟ་རྙིང་པས་རྒྱན་དེ། ཟོབ་བརྫུ་མཛེས་སྤྱོད་ཀྱི་དམུ་གམ་ལ་མགོ་འཁོར་བ་ནི། བྱུས་ཤོར་ལས་རྒྱལ་ཁ་མི་འབོད་པའི་སྔ་ལྟས་ངན་པ་ཞིག་ཤར་བ་རེད། ཕམ་ཁའི་གཉེར་རིས་བརྩེགས་པའི་དུས་ཀྱི་རྩུབ་འགྱུར་དེའི་ཁྲོད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ནི་འཐབ་རྩོད་གཅིག་གྱུར་གྱི་ཁ་ཕྱོགས་གསལ་ཞིང་། ཆིག་སྒྲིལ་འཐབ་རྩོད་ཀྱི་རྣམ་པ་དྲག་ཤོས་དེ་ཡིན་ཀྱང་། འདི་ནས་བཀའ་སྤྱི་གཉིས་དང་ཚོགས་སྡེ་གཞན་པས་འཐབ་རྩོད་ཀྱི་ནུས་པ་ཞི་རྒོལ་གྱི་རྗེས་སུ་སྤུངས་བར་མ་བྱས་པའམ། སྤུངས་བར་མ་ནུས་པ་གང་ལྟར་ཡང་། ལག་རྡུམ་བྲག་འཛེག་ལས་ཅི་ཡང་བྱེད་དུ་མེད་རྐྱེན། ཞི་རྒོལ་ཆེན་མོ་ནི་དཔའ་བོ་རྒྱབ་ཆད་ཀྱིས་ལོ་རྒྱུས་ཀྱི་གསེང་ལ་ཐིམས་པ་རེད། མེར་བསྲེགས་ཞི་རྒོལ་ཆེན་མོ་འདི་ཡང་ད་སྔ་བྱུང་ཚུལ་ལ་དཔག་ན། ལོ་རྒྱུས་ཀྱི་རྒྱུ་ཆ་ཙམ་ལས་གྲུབ་འབྲས་ཅི་ཡང་མེད་པ་ཡང་། སྲིད་བྱུས་དང་ཐབས་བྱུས་ཀྱི་རྒྱབ་རྩ་མེད་རྐྱེན་ལས་གྲངས་ཀ་དང་བློས་གཏོང་གིས་མ་འདང་བ་སོགས་གང་ཡང་མ་རེད། གལ་སྲིད་འུ་ཅག་བོད་པ་ཚང་ལ། ཞི་རྒོལ་གྱི་སྣེ་མོར་མཐུད་ཐུབ་པའི་ལག་ལེན་བསྟར་ཆོག་གི་ཐབས་བྱུས་ཡང་དག་ཅིག་ཡོད་དེ་མཆིས་ན། མེར་བསྲེགས་གཅིག་ལས་མ་བྱུང་ཡང་ཉུང་སྐྱོན་གཏན་ནས་མེད་པ་རེད། བོད་ནས་ཞི་རྒོལ་མེར་བསྲེགས་ལ་སོགས་པའི་དོན་རྐྱེན་ཅི་ཞིག་འབྱུང་ན་ཡང་། བཀའ་ཤག་དང་གྲོས་ཚོགས་རྣམས་སུ། གླུ་བརྒྱ་ངག་གཅིག་ལས་གཞན་པའི་ཐབས་བྱུས་ཟེར་བ་སྲིད་ན་མེད་པར། མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམས་སྐོར་ཙམ་གྱིས་ཐབས་ཟད་དེ་ཡོད་པ་འདི་ནི་ཡག་རྟགས་ཤིག་གཏན་ནས་མ་རེད། གལ་སྲིད་གནས་སྟངས་ཛ་དྲག་ཅི་འདྲ་ཞིག་བྱུང་བ་ཡིན་ནའང་། འདི་ལས་གཞན་པའི་ལམ་ཁ་ཞིག་ད་དུས་ཀྱི་བཀའ་ཤག་དང་གྲོས་ཚོགས་སུ་ལའང་མེད་པ་ཡིན་ན། མི་ལོ་བཅུའི་རིང་ལ་བོད་ཀྱི་རྩ་དོན་ལ་ཕན་པའི་བྱས་རྗེས་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པར། རང་བཞིན་གྱི་ཁྱི་ཤི་བ་ནང་བཞིན་ཚེ་དུས་ལས་ཡོལ་བའི་ཟམ་གདོང་བཀའ་ཤག་དང་། སྐབས་སྔ་མའི་གྲོས་ཚོགས་ལྟ་བུ་མི་འགྱུར་བའི་ངེས་པ་མི་འདུག་པས། འདི་ལྟ་བུའི་ཕན་གནོད་མེད་པའི་ལྷན་ཁང་ཡོད་ཀྱང་ཆོག་ལ་མེད་ཀྱང་འགྲིག་བསྡད་པའི་ཚོད་དུ་ཡོད་པ་མིན་ནམ། ད་དུང་ཡང་། རྒྱ་རིམ་པ་བདུན་གྱི་འོག་ཏུ་གཏན་མི་མངོན་པའི་ཚུལ་དུ་སྦས་པའི་དབུ་མའི་ལམ་གྱི་གྲུབ་འབྲས་ཟེར་བ་འུད་བརྗོད་དང་སྒྲོ་བཏགས་ཁོ་ནས་སྒྲོག་བཞིན་འཚོ་བའི་གྲོས་ཚོགས་ཀྱི་འཐུས་མི་རྫུན་པོ་ཆེ་རྣམས་ནི་ཡོད་ལས་མེད་པར་དགའ་ངེས་ཡིན་པ་ཡང་གནས་ལུགས་ཀྱིས་ཁ་གྲགས་ཏེ་འོང་བས་སྦིར་གྲགས་ཙམ་གྱིས་གང་ཡང་མི་ཕན་ནོ། དབུ་མའི་ལམ་གྱི་ལྟ་གྲུབ་གཏན་ལ་ཕབས་པ་ཙམ་གྱི་ལས་དོན་ཡོངས་སུ་རྫོགས་པ་མིན་ཞིང་། ལག་ལེན་གྱི་ཐོག་ནས་རྩ་དོན་སྒྲུབ་ཐབས་ལ་ཞི་མོལ་གྱི་ལམ་ནས་རང་སྐྱོང་སློང་ཐབས་ལས་ཅི་ཡང་མེད་པས། དབུ་མའི་ལམ་སྲིད་བྱུས་གཞི་བཏིང་བ་ཙམ་གྱི་ཆེ་རྒྱུ་ཅི་ཡང་མེད་དོ། ཞི་རྒོལ་ཆེན་མོ་དང་མེར་བསྲེགས་ཞི་རྒོལ་སོགས་ནི་དབུ་མའི་ལམ་ནས་ཞི་མོལ་གྱི་རྨང་གཞིའི་རྒྱུ་ཆ་ཙམ་དུ་གྱུར་ན་འོས་སུ་ཆེ་ཡང་། དེ་ལྟར་མ་གྱུར་བར་འབྲེལ་མོལ་བསྐྱར་གསོ་མ་ཐུབ་ནས་ལུས་པ་འདི་ལ་མཚོན་ན། དབུ་མའི་ལམ་གྱི་དཔའ་བརྗིད་རླིང་གསུམ་ལམ་ཙམ་ཤེས་ནས་འདུག་པས་སྤྲེལ་ལད་ཤོག་ཁག་གིས་སྟོང་བཤད་ཙམ་ལ་མི་རྣམས་བློ་ཁ་གང་བའི་དུས་ཤིག་ཡེ་ནས་མ་རེད་བསམ། གྲངས་ཚད་མཐོ་བའི་མེ་བསྲེགས་ལས་འགུལ་འདི། དཔའ་བོ་བཀྲ་བྷེ་ནས་བཟུང་གཞིས་སུ་མྱུར་ཁྱབ་ཀྱིས་འཆེད་ཅིང་འབར་བ་ནི། ཆོད་སེམས་དང་བློས་གཏོང་བསམ་སྦྱོར་ཀུན་ལ་ཚད་ཀྱིས་གཞལ་བར་མི་ནུས་པ་གྱུར་ནས་ཡོད་ནའང་། ད་བར་གྱི་གྲུབ་འབྲས་ནི་དབུ་མའི་ལམ་གྱི་གྲུབ་འབྲས་ལྟར། རྟོག་བཏགས་འུད་སྒྲོག་བྱས་ན་ལས་དངོས་ཡོད་མི་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་མ་སོན་པ་ནི་ངོ་མ་རེད། དེ་ལྟར་ཀླུ་ཡི་ཕོ་ཉྭ་འདྲ་བའི་མི་བརྒྱ་ཕྲག་ཅིག་གིས་མེ་བསྲེགས་བཏང་ཡང་། གྲུབ་འབྲས་ཤིག་མ་སོན་པ་ནི། མེར་བསྲེགས་ཀྱི་གྲངས་ཁ་ཉུང་བས་མ་རེད་ལ་མེར་བསྲེགས་ལ་རིན་ཐང་མེད་པས་ཀྱང་མ་རེད། འོན་ན་གང་རེད་ཅེ་ན། གཞིས་ནས་མེར་བསྲེགས་ཤིག་བྱུང་མཚམས་བཙན་བྱོལ་གཞུང་གི་མང་གཙོའི་མཛད་གཙོ་རྣམ་པས། བླ་ཆེན་འགའ་གདན་ཞུས་ཀྱི་བསྔོ་སྨོན་རེ་དང་། གདུང་སེམས་མཉམ་བསྐྱེད་ཙམ་ལས་ཅི་ཡང་བྱེད་དུ་མེད་པ་དང་། སྐབས་འདི་འདྲར་ཡང་ལས་འགུལ་བའི་རྒྱ་གཞུང་ལ་དགའ་བའི་རྣམ་འགྱུར་ཚད་མེད་པས་དར་དམར་མགོ་ཐོག་ཏུ་ཕྱར་བ་དང་། དེར་རྒྱབ་སྐྱོར་ཤོག་ཁག་ནས་ཀྱང་དེ་མཚུངས་ཀྱི་རྣམ་འགྱུར་གསལ་བ་སོགས་ཀྱིས་རྒྱ་གཞུང་ཇེ་མཁྲེགས་སུ་གྱུར་པས་རེད། ད་དུང་ཡང་འདི་མ་བྱུང་ན་འདི་ཡིན་ཟེར་བའི་ལག་ལེན་བསྟར་ངེས་ཀྱི་ལས་གཞི་འཆར་འགོད་མེད་ན། སྔར་ལས་ལྷག་པ་ཞིག་ཡོང་མི་སྲིད་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། དེས་ན་ད་ལྟ་འགྲོ་བཞིན་པའི་མེར་བསྲེགས་ལས་འགུལ་འདི་ཡང་ལོ་རྒྱུས་ལས་བྱུང་བ་ཙམ་དུ་མི་འགྱུར་བའི་ངེས་པ་ཡང་མེད་པ་མཁྱེན་གལ་ཆེ་བ་ཞིག་ཀྱང་ཡིན་ངེས་སོ། དེས་ན་ད་ནི། འདི་ལྟ་བུའི་གཞི་རྒྱ་ཆེ་བའི་མེར་བསྲེགས་ལས་འགུལ་འདི་ལ། རྒྱ་གཞུང་ནས་བདག་རྒྱག་དང་ཡ་ལེན་ཞིག་མེད་ཚེ། བོད་གཞུང་དམངས་མཉམ་འདུས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ཡིན་པ་ལས། སྔར་བཞིན་མེ་ལྕེ་སྐོར་བསྐྱོད་ཙམ་དང་མར་མེ་ཁྲོམ་སྐོར་ཙམ་རེ་བྱས་དང་མ་བྱས་དེ་ཙམ་མི་འདུག་སྙམ། དེར་རྟེན་ད་རེས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་དེ། བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་དེ། བོད་ཀྱི་བླ་ཆེན་ཁག་ཚང་མ་ཡང་ལས་འགུལ་དུ་མཉམ་ཞུགས་གནང་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན། ལས་འགུལ་བ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཉུང་ཤས་ཤིག་གིས་སྐད་འབོད་བྱས་པ་དང་། ཟས་བཅད་བྱས་པ་དང་མི་འདྲ་བར། བླ་ཆེན་ཁག་ལས་འགུལ་དུ་དངོས་སུ་ཞུགས་ནས་ངོ་རྒོལ་སྐད་འབོད་གནང་བའམ། ཟས་བཅད་ངོ་རྒོལ་བཟོས་པ་གང་ཡིན་རུང་། བླ་ཆེན་ཁག་གི་སློབས་མ་རྒྱལ་ཕྱི་ནང་གི་མི་སྣ་མང་པོ་མཉམ་ཞུགས་གནང་ངེས་སོང་བས། ལས་འགུལ་ལ་གྲུབ་འབྲས་ཡོང་བར་ཕན་ངོ་ཆེ། དཔེར་ན། བོད་པའི་བླ་ཆེན་ག་གེ་མོ་ལ། རྒྱལ་ཁབ་གཅིག་རང་ལ་དད་སློབས་འབུམ་ཁ་ལོང་བ་ཡོད་སྐད་འདུག་པས། དེ་ལྟ་བུའི་མི་འབུར་མང་པོ་ཞིག་དེ་ཡང་རྒྱལ་ཁབ་འདྲ་མིན་མང་པོའི་མི་སྣ་མང་པོ་ཞིག་མཉམ་ཞུགས་ཀྱིས་ངོ་རྒོལ་དང་སུན་བཙིེར་བཟོས་པ་ཡིན་ན། སྐད་ཆ་བཤད་རྟེན་ཞིག་ཡོང་ན་མི་ཤེས་བསམ། དེ་མིན་དེ་སྔ་ལྟར་ལས་བཀའ་སྤྱི་གཉིས་ལ་འགུལ་རྒྱུ་འཁྱུག་རྒྱུ་ཅི་ཡང་མེད་ན། ད་ནི་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྣམས་རྒྱལ་ཁོངས་སོ་སོའི་མི་སེར་བཟོས། གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱང་ཀྲུང་ཧཱ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་མངའ་འབངས་མཚན་ཉིད་པ་ཞིག་ཏུ་བསྒྱུར་ནས་བསྡད་ན་དགའ་ངེས་རེད། གལ་སྟེ་གཞིས་བཞུགས་སྤུན་ཟླ་རྣམས་ལ་རྒྱ་དམར་དང་མཉམ་འདུག་བྱེད་འདུན་མེད་པར་ཕྱོགས་ཡོངས་དང་སྒོ་ཀུན་ནས་རྩ་དོན་འཐབ་རྩོད་འདི་བློས་གཏོང་མི་གནང་ཞིང་། བཙན་བྱོལ་གཞུང་དམངས་གཉིས་ལ་འཐབ་རྩོད་ཀྱི་རྐྱེན་ཙམ་ལས་གྲུབ་འབྲས་ལ་ཕན་པའི་གྲོགས་དན་ཞིག་བྱེད་དུ་མེད་ན། ཁ་གསལ་གོ་བདེས་གཞིས་བཞུགས་སྤུན་ཟླ་རྣམས་ལ་འདིའི་ཕྱོགས་སུ་རེ་བལྟོས་མ་གནང་། འདིའི་ཕྱོགས་སུ་རང་དབང་སླར་གསོའི་ཐད་ལ་ཐབས་བརྡུགས་ཇུས་ཟད་ཀྱི་གནས་སྟངས་གསལ་གསལ་རྗེན་རྗེན་ཡིན་པས། ཁྱེད་རྣམས་ཀྱི་བློ་གཏད་བྱེད་རིན་མེད་པའི་གསལ་བཤད་གནང་དགོས། དེ་ལྟར་མ་གནང་བར་སྔར་བཞིན་ཅི་ཞིག་བྱེད་རྒྱུ་ཡོད་མདོག་དང་། གཞིས་ལུས་བོད་མའི་བློ་སྟོབས་ལ་བསྔགས་བརྗོད་དང་ཡི་རང་ཡོད་རབས་ཀྱི་སྤམ་བཤད་གནང་སྟེ་བསྡད་པ་ཡིན་ན། ཕར་ཕྱོགས་ཀྱིས་བཤད་པ་དེ་ཚོ་དོན་དངོས་ཐོག་ནས་མ་རེད་ཟེར་ས་མི་འགྲོ་བ་ཡང་ཡིན་སྲིད་པས་མཁྱེན་པ་གནང་རོགས། གཞན་ཡང་། བོད་ནས་ལྟ་ཚུལ་གཞན་པ་ཞིག་ལ། བོད་ནས་གང་ཟག་ག་གེ་མོ་ཞིག་མེར་བསྲེགས་གནང་བ་ཡིན་ན། འདི་ནས་བླ་ཆེན་ཁག་གདན་ཞུས་ཀྱིས་མཆོད་འབུལ་སྨོན་ལམ་གནང་གིན་ཡོད་པ་འདིས། ཤི་མཁན་གྱི་གང་ཟག་དེ་བསོད་ནམས་བཟང་བ་ཞིག་ཚོགས་བསགས་པ་ཞིག་བླ་ཆེན་དེ་དང་དེ་ལྟ་བུས་མཆོད་འབུལ་སྨོན་ལམ་གསུང་པ་ཡིན་ན། ངན་འགྲོ་རྒྱུད་མི་དགོས་པར་ཞིང་ཁམས་སུ་འདྲེན་འགྲོ་བར་ལྟ་བཞིན་ཡོད་འདུག་པ་སོགས་ལ་གསལ་བཤད་ཆོས་གཞུང་དང་མཐུན་པར་གནང་དགོས་པ་ལས། བླ་ཆེན་རྣམ་པ་སྣོད་བཅུད་ཀྱི་བྱེད་པ་པོ་ལྟ་བུའི་སྐུ་རུ་བཞེངས་ཏེ་ཨོ་ཟོབ་གནང་བ་ཡང་ལས་འབྲས་དང་གཏན་ནས་མི་མཐུན་འདུག་པས་ཁ་གྲགས་རོགས། ད་དུང་། མེར་བསྲེགས་འདི་མང་སྐྱོན་ལས་ཉུང་སྐྱོན་གཏན་ནས་མེད་པས་འདི་རྒྱུན་ཆད་ཐབས་ལ་ལྷད་མེད་དྭང་གཙང་གི་སྐད་ཆ་ཁ་ཁོག་མཐུན་པ་རེ་གནང་རྒྱུའི་རེ་བ་ཡང་ཆེན་པོ་ཡོད།