གྲྭ་དཀོན་མཆོག་ཉི་མ་འཇུ་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
སུད་སིར་གནས་སྡོད་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མདོ་སྨད་རྔ་བ་ཁུལ་མཛོ་དགེ་རྫོང་ཐེ་བུ་ནས་ཡིན་པ་གྲྭ་དཀོན་མཆོག་ཉི་མ་༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་༣།༡༤ དོན་རྐྱེན་གྱི་གཏེ་བོ་ཡིན་པའི་ཉེས་འཛུགས་འོག འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཁོང་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༤ པའི་ཚེས་༡༡ ཉིན་མོར་ཉེན་རྟོག་མི་སྣས་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་འདུག་པ་དང་། ཁོང་ལ་ལོ་༢༠ རིང་བཙོན་འཇུག་བྱེད་རྒྱུ་ཡིན་པ་རྒྱ་གཞུང་གིས་གསལ་བསྒྲགས་བྱས་པ་ཙམ་ལས། ད་ལྟ་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གཟུགས་པོའི་གནས་སྟངས་སོགས་གསལ་པོ་མ་ཤེས་པར་ལྷག་ཡོད་འདུག
གྲྭ་དཀོན་མཆོག་ཉི་མ་ནི་རང་ལོ་༤༤ ཡས་མས་སུ་ཡིན་པ་དང་། དགེ་བཤེས་ཆེན་མོ་ཞིག་ཡིན་པ་མ་ཟད། ལྷ་ས་འབྲས་སྤུངས་དགོན་པའི་དཔེ་ཁྲིད་དགེ་རྒན་ལེགས་གྲས་ཀྱི་ཁོངས་རེད་འདུག །