གུང་སེང་གཏོང་མི་འོས་པའི་ངན་པ་དགུ་འཛོམས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༦ ཕྱི་ལོ་ ༢༠༡༢/༡༢/༡༩
བོད་པའི་སྲོལ་རྒྱུན་གོམས་སྲོལ་གྱི་བཤད་རྒྱུན་ཁྲོད་ནས་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་སུ་གྲགས་པ་འདི་ཉིད་བྱུང་ཡོད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་ངན་པ་དགུ་འཛོམས་དང༌། བཟང་པོ་བཅུ་འཛོམས་ཞེས་པ་དེར་གཞུང་འབྲེལ་གྱི་གུང་སེང་གཏོང་སྲོལ་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་དང་།
དེ་བཞིན་སློབ་གྲྭ་ཁག་གིས་ཀྱང་དེ་མཚུངས་བཞིན་གུང་སེང་གཏོང་སྲོལ་ཡོད། སྤྱིར་རང་བཙན་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་དེ་ལྟ་བུའི་གུང་སེང་གཏོང་མི་འོས་པ་ཞིག་མིན་མོད། བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་པའི་སྒྲིག་འཛུགས་ལ་མཚོན་ན་འཐབ་རྩོད་བྱེད་མཁན་གྱི་སྤྱི་ཚོགས་དང་སྒྲིག་འཛུགས་ཤིག་ཡིན་པས། འདི་ལྟ་བུའི་གུང་སེང་མང་པོ་གཏོང་བ་ནི་འོས་འཚམས་ཤིག་ཏུ་གཏན་ནས་གྱུར་མེད།
ཡུལ་སྲོལ་དེའི་འབྱུང་ཁུངས་གཙོ་བོ་ནི་མདོ་དབུས་ཁམས་གསུམ་གྱི་ནང་ནས་དབུས་གཙང་གི་གོམས་སྲོལ་གཙོ་བོ་བྱས་པ་ཞིག་ཡིན་པ་དུང་དཀར་ཚིག་མཛོད་དུ་འདི་ལྟར་གསལ་འདུག།“བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཕྱེད་ནས་ཚེས་བདུན་ཉིན་ཕྱེད་བར་དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྒྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་རབས་མི་སྒྲོག་ཅེས་དེ་སྔའི་ལོ་ཐོའི་ནང་ཡང་དེ་ལྟར་འགོད་སྲོལ་ཡོད་པས། ཁྱོད་ངན་པ་དགུ་འཛོམས་ན་ང་བཟང་པོ་བཅུ་འཛོམས་ཞེས་དེ་ཡི་བཟློག་ཕྱོགས་རང་རང་གི་དགའ་ཉེ་བློ་དཀར་རྣམས་ཕན་ཚུན་མགྲོན་འབོད་ཐུགས་སྤྲོ་གཏོང་བས་མཚོན་གང་དགའ་གང་སྐྱིད་དུ་སྡོད་སྲོལ་ཡོད་”ཅེས་འཁོད་ཡོད།
སྤྱིར་ལོ་སར་ཕུད་པའི་བོད་པའི་སྲོལ་རྒྱུན་གྱི་གུང་སེང་ཁག་ཕལ་ཆེ་བ་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་མོད། ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཞེས་པ་འདི། དེ་འདྲ་ཡང་མིན་པར་དོན་དངོས་རྣམ་རྟོག་རྐྱང་པ་ལས་གྲུབ་པའི་གུང་སེང་ཞིག་ཡིན་པ་དང༌། གནས་ལུགས་རྒྱུ་མཚན་གསལ་པོ་བགྲང་རྒྱུ་མེད་པར་གཞུང་འབྲེལ་གྱི་གུང་སེང་གཏོང་བ་འདི་རིགས་ནི་གཏན་ནས་མ་འོས་པ་ཞིག་ཏུ་མཐོང༌། སྤྱིར་ད་ལྟའི་དུས་འདིར་གང་ཐུབ་ཐུབ་ཀྱིས་ལས་ཀ་བྱེད་དགོས་པ་ལས། གང་མང་མང་གིས་གུང་སེང་གཏོང་དགོས་པའི་དུས་ཚོད་ཅིག་མིན། འདས་པའི་དུས་སུ་བོད་མི་རིགས་ལ་མཚོན་ན་དུས་ཚོད་གཏན་འབེབས་ཀྱི་ལས་ཀ་བྱེད་སྲོལ་མེད་པར་དུས་རྒྱུན་གུང་སེང་ལྟ་བུ་ཡིན་པར་བརྟེན། བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འཐུས་ཤོར་མང་པོ་སོང་བ་རེད།
བོད་ནང་དུ་ཛ་དྲག་གི་གནས་ཚུལ་འདི་ལྟ་བུའི་སྐབས་སུ། ཉིན་གཅིག་ཡིན་ཡང་ལས་དོན་བསྒྲུབས་དགོས་པ་གལ་ཆེ་ལ། ལྷག་དོན་ཟླ་འདིར་མཚོན་ན་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་བརྩིས་པའི་ཉིན་༡༠ གུང་སེང་རེད། ཟླ་བ་གཅིག་གི་སུམ་ཆ་གཅིག་གུང་སེང་གི་དུས་ཚོད་ཡིན་ན། ལས་ཀ་བྱེད་པའི་དུས་ཚོད་ཧ་ཅང་ཉུང་བ་དང། དུས་རྒྱུན་དགའ་དགའ་སྤྲོ་སྤྲོ་ཡིན་པའི་སྐབས་དང་མི་འདྲ་བར་གུང་སེང་འདི་ལྟ་བུ་གཏོང་བ་ནི། དུས་བབས་ཀྱི་ཆ་ནས་མང་དྲགས་པ་དང་མི་འོས་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ལྟ་བུར་གཞུང་འབྲེལ་གྱིས་གུང་སེང་གཏོང་མི་འོས་པ་དང༌། སླད་ཀྱི་ཆར་གུང་སེང་དེ་གཉིས་ཕྱིར་འཐེན་བྱེད་དགོས་པ་གལ་ཆེ་བར་སྣང༌།
བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་སོགས་མི་སྟོང་ཕྲག་མང་པོའི་ཉིན་གཉིས་ཀྱི་ལས་དུས་འཕྲོ་བརླག་ཏུ་བཏང་ན་ཕན་ཐོགས་གང་ཡང་མེད། གནད་དོན་འདི་འདྲའི་རིགས་ནི་སྲོལ་རྒྱུན་ཡིན་པ་ཙམ་གཞི་རྩར་བཟུང་ནས་རྒྱུན་འཛིན་བྱེད་དགོས་པ་ཞིག་གཏན་ནས་མིན་པར་བརྟེན། མཚམས་འཇོག་བྱེད་དགོས་པའི་རིགས་ཤིག་ཏུ་གྱུར་ཡོད། ཉིན་གཉིས་ཀྱི་རིང་ལས་ཀ་མི་བྱེད་པར་ཤོ་རྒྱག་རྒྱན་སྐུག་དང། ཆང་འཐུང་ར་བཟི་བྱས་ནས་བསྡད་ན་ཕན་ཐོགས་ཏིལ་འབྲུ་ཙམ་མེད་པ་མ་ཟད། དོན་གྱིས་ངན་པ་དགུ་འཛོམས་ཞེས་པ་དེ་ཡིན་ལ། གལ་ཆེ་བའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་གཞུང་སྒེར་གྱི་ལས་དོན་འཐུས་ཤོར་མེད་པར་སྒྲུབ་ཐུབ་ན་དོན་གྱིས་བཟང་པོ་བཅུ་འཛོམས་ཞེས་པའང་འདི་ཡིན།
བོད་པའི་སྲོལ་རྒྱུན་ནང་གི་མི་དགོས་པའི་ཆ་དེ་ངེས་པར་དུ་གཡུགས་དགོས་པ་དང། དཔེར་ན་མགར་བ་ལྟ་བུ་ལག་ཤེས་ཅན་རིགས་ངན་པར་བགྲངས་ནས་གཉེན་སྒྲིག་མི་བྱེད་པ་སོགས་ཀྱི་ལུགས་སྲོལ་འདི་དག་གིས། དོན་གྱིས་ལག་རྩལ་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་མི་འཇོན་ཐང་ཅན་ལ་མཐོང་ཆུང་ཡིན་པ་དང། རང་ཉིད་ཀྱི་ལག་པ་འགུལ་ནས་རང་ཁ་གསོ་ཐབས་བྱེད་པ་ནི་ཧ་ཅང་གི་བསྔགས་འོས་ཤིག་ཡིན། གནད་དོན་འདི་རིགས་རུས་ཀྱི་ཐོག་ནས་བསྙད་ནའང་དོན་གྱིས་རང་གི་འཚོ་ཐབས་རང་ཉིད་ཀྱིས་འགན་ཁུར་བའི་བསམ་བློ་ལ་རྡུང་རྡེག་དང། ལྷག་དོན་དུ་གནད་དོན་འདི་རིགས་ལ་བརྟེན་ནས་གཞན་བརྟེན་གྱི་བསམ་བློ་མང་དུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད།
དེར་བརྟེན་དོན་དངོས་ལ་བལྟས་ནས་དབྱེ་ཞིབ་བྱེད་དགོས་པ་ལས། ལམ་དང་ལུགས་སྲོལ་ཡིན་པ་ཙམ་གྱིས་རྒྱུན་འཛིན་བྱེད་པ་ནི་འོས་འཚམས་ཤིག་གཏན་ནས་མིན། བོད་པའི་སྲོལ་རྒྱུན་གྱི་ཁྲོད་ནས་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་ཆོས་དང་རིག་གནས་འདི་དག་རྒྱུན་འཛིན་བྱེད་དགོས་པ་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཡིན་པ་ལས། དངོས་ཡོད་གནས་ཚུལ་དང་མི་འཚམས་པར་ཕན་མེད་གྱོང་གུད་ཀྱི་རིགས་སྲོལ་རྒྱུན་ནས་བྱུང་བ་ཞིག་ཡིན་མིན་གང་ལྟར་ཡང། གཟབ་ནན་གྱིས་སྤངས་བླང་བྱེད་མ་ཐུབ་ན། རང་མགོ་རང་གིས་གཡོགས་པ་དང་གཅིག་མཚུངས་སུ་གྱུར་ཡོད།།