སྐར་མ་བརྒྱད་ཀྱི་སྙན་ངག
མ་མཐོང་གྲོགས་ཀྱིས་གཞེན་བསྐུལ་རེ་རེ་སྙན་ངག་ལྷ་མོའི་གསང་ཚིག་ཡིན།།
འདྲིས་ཤིང་འགྲོགས་པའི་སྙིང་གཏམ་རེ་རེ་སྙན་ངག་ལྷ་མོའི་ཞལ་ལུང་ཡིན།།
གོམས་ཤིང་ལོབས་པའི་ཤེས་བྱ་རེ་རེ་སྙན་ངག་ལྷ་མོའི་བྱིན་རླབས་ཡིན།།
མ་བསྐུལ་གཞོལ་བའི་ཚིག་འབྲུ་རེ་རེ་སྙན་ངག་ལྷ་མོའི་དངོས་གྲུབ་ཡིན།།
ཉལ་བའི་རྨི་ལམ་གསོན་པོའི་ངོས་ནས་སྙན་ངག་ལྷ་མོར་སྙོབ་བཞིན་ཡོད།།
དུང་ཞེན་སྙིང་གི་ཐིག་ལེའི་དཀྱིལ་ནས་སྙན་ངག་ལྷ་མོར་འཐམ་བཞིན་ཡོད།།
མ་བཅོས་ཡིད་ཀྱི་འཁྲི་ཤིང་ཟུར་ནས་སྙན་ངག་ལྷ་མོར་སྒུག་བཞིན་ཡོད།།
ཡར་འབྲོག་གཡུ་མཚོའི་རླབས་ཀྱི་རྩེ་ནས་སྙན་ངག་ལྷ་མོར་རྩེན་བཞིན་ཡོད།།
མ་མཐོང་མུན་པའི་སྨག་རུམ་གསེང་ནས་སྙན་ངག་ལྷ་མོ་འཚོལ་བཞིན་ཡོད།།
རྟ་ལྗང་འོད་ཀྱི་སྣང་བའི་ངོས་སུ་སྙན་ངག་ལྷ་མོ་བསུ་བཞིན་ཡོད།།
མཚམས་སྤྲིན་སྒེག་མོའི་ལང་ལོང་ཟུར་ནས་སྙན་ངག་ལྷ་མོར་མཇལ་བཞིན་ཡོད།།
སྐྱ་རེངས་བུ་མོའི་དུང་བརྡ་ཉན་བཞིན་སྙན་ངག་ལྷ་མོ་སྐྱོང་བཞིན་ཡོད།།
དུང་སེམས་རྩེ་དགའི་དཔལ་ཡོན་རེ་རེ་སྙན་ངག་ལྷ་མོའི་སྒྱུ་འཕྲུལ་ཡིན།།
ཞོགས་པའི་ཉི་ཟེར་རྡུལ་ཕྲན་རེ་རེ་སྙན་ངག་ལྷ་མོའི་འཕྲིན་ལས་ཡིན།།
ནུབ་ཁའི་སྐྱོ་ཉམས་སེམས་ཀྱི་འཁྱེར་སོ་སྙན་ངག་ལྷ་མོའི་བརྡ་རྟགས་ཡིན།།
བྱང་ཕྱོགས་ཁ་བའི་སྐྱིད་སྡུག་འདི་ཡང་སྙན་ངག་ལྷ་མོའི་སྐྱོ་གར་ཡིན།།
ཇོ་མོ་གླང་མའི་དབུ་རྩེ་ཤིག་ཤིག་སྙན་ངག་ལྷ་མོའི་ལན་བུ་ཡིན།།
མ་ཕམ་གཡུ་མཚོའི་རྦ་རླབས་རེ་རེ་སྙན་ངག་ལྷ་མོའི་སྒེག་འགྲུས་ཡིན།།
ཏི་སེ་རི་བོའི་འགྱིང་ཉམས་རེ་རེ་སྙན་ངག་ལྷ་མོའི་མཚར་སྡུག་ཡིན།།
གཡང་དཀར་ལུ་གུའི་འབའ་སྒྲ་འདི་ཡང་སྙན་ངག་ལྷ་མོའི་སྒྲ་དབྱངས་ཡིན།
ཅང་ཤེས་རྟ་ཕོའི་འཚེར་ལྷང་འདི་ཡང་སྙན་ངག་ལྷ་མོའི་མགྲོན་བརྡ་ཡིན།
འབྲི་གཡག་དར་མའི་ངུར་སྒྲ་འདི་ཡང་སྙན་ངག་ལྷ་མོའི་བསུ་མ་ཡིན།
ཚེ་ཚེ་ར་ཡི་འབའ་སྐད་འདི་ཡང་སྙན་ངག་ལྷ་མོའི་སྐྱེལ་མ་ཡིན།
སྒོ་བཞི་ཕྱུགས་ཀྱིས་གླུ་དབྱངས་འདི་ཡང་སྙན་ངག་ལྷ་མོའི་དུང་ཞེན་ཡིན།
སྔོ་ལྗང་གཡུ་ལོའི་མདངས་ཤ་འདི་ཡང་སྙན་ངག་ལྷ་མོའི་འཛུམ་མདངས་ཡིན།།
ཁུ་བྱུག་སྔོན་མོའི་དྲུག་འགྱུར་འདི་ཡང་སྙན་ངག་ལྷ་མོའི་རྒྱུད་མང་ཡིན།།
ཅོག་ཆུང་ཁྲ་མོའི་མོ་ལུང་འདི་ཡང་སྙན་ངག་ལྷ་མོའི་ལུང་བསྟན་ཡིན།།
འཇོལ་མོའི་ངག་གི་རོལ་རྩེད་འདི་ཡང་སྙན་ངག་ལྷ་མོའི་ལམ་སྟོན་ཡིན།།
ཟླ་འོད་གཞོན་ནུའི་འཛུམ་ཞལ་འདི་ཡང་སྙན་ངག་ལྷ་མོའི་ཟུར་མིག་ཡིན།།
ཀུན་མུཏ་བཞད་པའི་མཛེས་སྡུག་འདི་ཡང་སྙན་ངག་ལྷ་མོའི་ལང་ཚོ་ཡིན།།
ཞི་བསིལ་ཆོས་ཀྱི་བདེ་ཆེན་འདི་ཡང་སྙན་ངག་ལྷ་མོའི་གནས་ལུགས་ཡིན།།
སྒྲ་དབྱངས་ལྷ་མོའི་ཞལ་ལུང་འདི་ཡང་སྙན་ངག་ལྷ་མོའི་མཛའ་གཅུགས་ཡིན།།
བདེན་དོན་འཚོལ་བའི་རྣམ་དཔྱོད་འདི་ཡང་སྙན་ངག་ལྷ་མོའི་ཉེར་འབྲས་ཡིན།།
བཅས་བཅོས་བྲལ་བའི་གཤིས་ལུགས་འདི་ཡང་སྙན་ངག་ལྷ་མོའི་གཞིས་ཁྱིམ་ཡིན།།
མཐར་འཛིན་ཞིག་པའི་ལྟ་བ་འདི་ཡང་སྙན་ངག་ལྷ་མོའི་རང་ལུགས་ཡིན།།
སྤྲོས་བྲལ་ཐོས་པའི་སྐལ་ལྡན་འདི་ཡང་སྙན་ངག་ལྷ་མོའི་ལས་འཕྲོ་ཡིན།།
༢༠༡༢།༡༢།༡༧།༨་།༨་།༨་། ཤར་མར་སྐར་མ་བརྒྱད་ཀྱི་ཡུན་དུ་བྲིས་སོ།