ཁམས་ལྷ་ཐོག་ཡུལ་གྱི་བརྙན་རིས་གསོན་པོ།
གནམ་གྱིས་མ་ཁེབས་ལུགས་ཤིག་དེ་རུ་མཆིས།།
ས་ཡིས་མ་ཁྱོགས་སྲོལ་ཞིག་དེ་རུ་སྣང་།།
གནམ་ས་འདྲེས་མའི་གཏམ་རྒྱུད་ངོ་མ་ཞིག།
ལྷ་ཐོག་རྒྱལ་པོའི་ཁབ་ལ་འཛུམ་གྱིས་གདའ།།
བཟང་པོའི་གམ་ན་འདོར་བའི་གོམ་པ་ཞིག།
ངན་པའི་ཐག་པས་ལྗིད་པ་འཐོག་པ་ཤེས།།
ལྟོས་གྲུབ་སྲིད་པ་འདི་ཡི་རྭ་བ་ལས།།
གཤིས་བཟང་དྲ་མའི་མི་གཞི་ལྷག་ཏུ་དྲན།།
བརླན་གྱིས་ཐིག་པ་གནམ་ནས་འཐོར་རོ་སྐད།།
དྲོད་ཀྱི་འོད་ཞགས་གནམ་ནས་མཆེད་དོ་སྐད།།
སྐྱིད་པའི་དགོད་འཛུམ་སྣང་བའི་སྒྱུ་འཕྲུལ་རེ།།
ནོར་འཛིན་ལྷ་མོའི་ཕང་ན་འཁྱིལ་བར་མཐོང་།།
རི་ཆུ་སྟོང་ཚོ་རྐང་པས་མནན་ནས་སོང་།།
ལེ་བར་ཁྲི་ཚོ་ལྷམ་དུ་བྱས་ནས་སོང་།།
ཚོར་བའི་རྟ་རྒོད་འདི་ཡི་བང་འོག་ན།།
ལྷ་ཐོག་མི་ལས་བཟང་ཞིག་མ་མཐོང་ངོ།།
ཕྱི་ཐག་རིང་བའི་གཅུགས་མ་གྲངས་ལས་འདས།།
སྒམ་དཀྱིལ་ཡངས་བའི་དུང་བ་མཐའ་ལས་ཡས།།
ངོས་དང་ལྐོག་གི་གཏན་ཚིགས་དེ་ལ་མེད།།
ཕྱི་དང་ནང་གི་འཕག་ཚག་དེ་ལ་མེད།།
མ་འདྲིས་གུས་པའི་ལུགས་སྲོལ་རྦད་དེ་ཆད།།
འདྲིས་ཤིང་འགྲོགས་ན་རྡོ་རྗེའི་བྲག་ལས་སྲ།།
འགྱུར་བའི་རླབས་ཀྱི་གདེང་ཀ་དེ་ལ་མེད།།
གཡོ་དང་སྒྱུ་ཡི་ཕབས་གཏའ་དེ་ལ་མེད།།
མགོ་བོ་འཁྲོལ་བའི་ཌ་རུ་རྩད་ནས་སྐམ།།
དབྱེན་སྦྱོར་རིག་བྱེད་དྲིལ་བུ་རྨང་ནས་ཆག།།
གཉེན་གྱི་རྒྱབས་གཞུང་སུན་འབྱིན་དེ་ལ་མེད།།
དགྲ་ཡི་ཨ་ཀྲད་དད་གུས་དེ་ལ་མེད།།
ཕྱུག་པོའི་རྐུབ་ལ་སྤྲང་པོས་ལྡག་ལུགས་མེད།།
སྤྲང་པོའི་རལ་པ་ཕྱུག་པོས་བརྫིས་རབས་མེད།།
འཆམ་མཐུན་རྡོ་ལ་བརྐོས་པའི་རི་མོ་ཞིག།།
ལོགས་སུ་མཆིས་ན་བཤམ་དང་བལྟ་བར་ངེས།།
ལྷ་ཆོས་དགེ་བའི་བག་ཆགས་བསམ་མི་ཁྱབ།།
མི་ཆོས་གཙང་མའི་ཆེ་མཐོང་ཐོད་ལས་བརྒལ།།
ཡ་ཐོག་བསྐལ་བའི་གཏམ་རྒྱུད་བགྲོས་པ་ལྟར།།
སྦར་མོ་བགྲད་པའི་ལྟད་མོ་མི་གསལ་ལོ།།
རྒས་ལ་མཛུབ་མོ་ཀེར་ནས་མི་འཕྱ་ན།།
རྒུད་ལ་རྡོག་ཐོ་གཞུ་བ་དེ་བས་མེད།།
ཡ་རབ་དམ་པའི་རྐང་རྗེས་ཕྲ་མོ་ཞིག།
ལྷ་ཐོག་སྡེ་པའི་ཕྱོགས་ལ་ཡོད་དོ་སྐད།།
ཆོས་དང་ཆབ་སྲིད་བསྲེས་ནས་མི་འགམ་ལ།།
སྡིག་དང་དགེ་བ་བསྲེས་པ་དེ་བས་མེད།།
རང་གི་གོ་སར་རང་གི་འགྱིང་ཉམས་ཤིག།
ལྷ་ཐོག་ཚང་ལ་ད་དུང་ཡོད་པར་ངེས།།
འདོ་བ་རྟ་ལ་སྒྲོག་གུ་དེ་ན་མེད།།
གསེར་མིག་ཉ་ལ་ལྕགས་ཀྱུ་དེ་ན་མེད།།
རི་སྐྱེས་བུ་མོར་རྔོན་མཁན་དེ་ན་མེད།།
ལྷ་ཡི་ཞིང་ཁམས་མིན་ན་ཅི་ཞིག་ཡིན།།
རྐུ་ཇག་ཁྲམ་པའི་རླུང་རྟ་དེ་ནས་རྒུད།།
མགོ་བདེ་དྲན་འཕྲུལ་ཉྭ་གཞུག་དེ་ནས་འདར།།
བཟང་ངན་རུ་ཤན་བྱེ་བའི་དོ་རྭ་དེ།།
སུམ་ཅུ་རྩ་གསུམ་མིན་ན་ཅི་ཞིག་ཡིན།།
གདོད་མའི་གཞི་འཛིན་ཞིག་གི་རྟགས་ཤིག་སྣང་།།
གངས་རིའི་ཕ་ཁྱིམ་གསོ་བའི་ཉམས་ཤིག་དོད།།
འདི་ན་སུ་དང་གང་གིས་མི་དོ་བའི།།
ལྷ་ཐོག་ཡུལ་གྱི་དགེ་ལེགས་མཚན་མ་བཀྲ།།
ཟོ་དོར་སྨྱོས་བའི་རུ་ང་བརླག་ནས་སོང་།།
དྲེགས་པ་མཆོད་པའི་བན་དེ་བོར་ནས་ཐལ།།
མཛེས་དཔྱོད་ལྟ་བ་བསྐྱོམས་མོའི་མུ་ཁྱུད་ན།།
དམ་ཚིག་རྡོག་པོ་གཅིག་རེ་མི་འགལ་ལོ།།
ལྟེ་བའི་མཚལ་ཐིག་ཟེ་མོའི་སྒང་ལ་བསྟབས།།
ཟེ་མོའི་སྤུ་ཉག་རེ་རེའི་མཚར་སྡུག་ལ།།
ཆ་དང་རྒྱུས་ཡོད་སྐད་འདི་མི་བདེན་ན།།
སུ་དང་གང་ལ་ཡིད་རྟོན་ཡོད་རེ་སྐན།།
༢༠༡༢།༡༢།༢༡།