བོད་ཀྱི་དཀའ་ངལ་རྒྱལ་སྤྱིའི་ནང་སླེབས་ཐབས་དགོས།

news_photos_b1བོད་ནང་གི་བོད་མི་༡༠༠ ལ་ཉེ་བས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་གི་གནས་ཚུལ་བར་མ་ཆད་དུ་ཡོང་གི་ཡོད་པའི་ཛ་དྲག་གི་དུས་ཚོད་འདིར། འདི་གའི་གསར་འགོད་པས་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་དང་ཚོགས་མི་ཁག་ཅིག་ལ།

བོད་ཕྱི་རུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། སྤྱི་ཚོགས། མི་སྒེར་སོགས་བོད་མི་ཚང་མས་ཛ་དྲག་གི་ལས་འགུལ་སྤེལ་ཕྱོགས་ལ་གྲ་སྒྲིག་གསར་པ་དང་། བསམ་བློ་གསར་པ་གང་དགོས་ཀྱི་ཡོད་སྐོར་ལ་བཅར་འདྲི་བྱས་པ་ཡིན།

 

jigmee_tycདབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་འཇིགས་མེད་ཀྱིས། “གྲྭ་བཀྲ་བྷེ་ནས་བོད་ནང་གི་བོད་མི་༡༠༠ ལ་ཉེ་བ་ཞིག་གིས། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་བྱས་པ་རེད། ཁོང་ཚོའི་བློས་གཏོང་གི་ལས་འགུལ་དེ་དང་འབྲེལ་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཀྱང་། ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་རེད། ཡིན་ན་ཡང་ཚང་མའི་འདོད་པ་ཁེངས་པ་ཞིག་བྱུང་ཐུབ་ཡོད་པ་མ་རེད། དེར་བརྟེན་ད་ལྟ་ང་ཚོས་སྔོན་མ་ནང་བཞིན་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ལྟ་བུ་མ་ཡིན་པར། ལས་འགུལ་གསར་པ་ཞིག་ངེས་པར་དུ་སྤེལ་དགོས་ཀྱི་འདུག དེ་ཡང་འགོ་དབུ་ཁྲིད་ནས་མཉམ་ཞུགས་ཀྱིས་འཐབ་རྩོད་ལ་འགན་ཁུར་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག སྐད་ཆ་རྫིག་པོ་བཤད་ནས་འདུག་པའི་དུས་ཚོད་མ་རེད། བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་ནུས་པ་ཐོན་པ་ཞིག་སྤེལ་དགོས་ཀྱི་འདུག ཡང་ན་བོད་ནང་ནས་ལས་འགུལ་ག་རེ་སྤེལ་ཐུབ་ཀྱི་འདུག དེ་ཚོའི་སྒང་ལ་བསམ་བློ་གཏོང་དགོས་རེད་མ་གཏོགས། སྒྲུང་བཤད་ཀྱི་ཡོད་པའི་བཟོ་འདྲ་བོ། དེ་རིང་གསར་འགྱུར་ནང་ཐོན་སོང་ཟེར་ནས་འདོད་པ་ཁེངས་བསྡད་པ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་དགོས་ཀྱི་ཡོད་རེད། ལྷག་པར་ཏུ་༧གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་བོད་མི་ཚོ་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཡིན་ཞེས་གསུང་གི་ཡོད་རེད། དེར་བརྟེན་ང་ཚོའི་ངོས་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་དེ་དག་རྒྱལ་སྤྱིའི་ཐོག་གསལ་པོར་བཟོ་ཆེད། བོད་མི་ཡོད་ཚད་ཀྱི་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་སྤེལ་དགོས་ཀྱི་འདུག་”ཅེས་གསུངས་སོང།།

lhukhar_sham1བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། “སྤྱིར་བཏང་བོད་ཕྱི་ནང་གཉིས་ཀྱི་ལས་འགུལ་གང་ཡིན་རུང། འཐབ་རྩོད་ཀྱི་ཆ་ནས་བཤད་ན་དེའི་རྒྱུན་ཆད་ཉན་གྱིི་མ་རེད། དེར་བརྟེན་ལས་འགུལ་སྣ་ཚོགས་སྤེལ་དགོས་ཀྱི་ཡོད་རེད། དེ་ཡང་ཆབ་སྲིད་ཀྱི་རྒྱུན་ཆད་མི་ཉན་པ་དང་། མི་རིགས་རང་གི་རིག་གནས་རྒྱུན་ཆད་མི་ཉན་པ་གཙོས་པའི་འཐབ་རྩོད་ཅིག་ལ་མཚོན་ན་རྒྱུན་མ་ཆད་པར་རྩོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་ནས་ལས་འགུལ་མུ་མཐུད་སྤེལ་བཞིན་པ་ཡང་རེད། བོད་ནང་གི་ལས་འགུལ་ཡིན་ན་ཧ་ཅང་གི་ཚད་མཐོན་པོར་སླེབས་ཡོད་པ་རེད། ཛ་དྲག་གི་གནས་སྟངས་དེ་དང་བསྡུར་ནས་བལྟས་ན། ང་ཚོ་བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་ལས་འགུལ་སྤེལ་ཐུབ་ཀྱི་འདུག་དང་མི་འདུག གང་སྤེལ་བ་དེས་གྲུབ་འབྲས་ཐོན་གྱི་འདུག་གམ་མི་འདུག་ཟེར་ན། དེས་མི་མང་གི་འདོད་པ་ཚིམས་ཀྱི་མེད་པ་དངོས་ཡོད་གནས་ཚུལ་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་སྐོར་གསུངས་དོན། “དཔེར་ན། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་མངོན་འདོད་དང་ཁ་ཆེམས་ཀྱི་ཕྱོགས་ནས་བཤད་ན། བོད་ལ་རང་དབང་དང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ནས་གཞིས་བྱེས་མཉམ་འཛོམས་ཡོང་དགོས་ཞེས་བཤད་ཀྱི་ཡོད་རེད། རིམ་པ་དེ་ཚད་མཐོན་པོ་རེད། ཁོང་ཚོའི་དམིགས་ཡུལ་དེ་འགྲུབ་ན་མ་འགྲུབ་ན་ང་ཚོས་དམིགས་ཡུལ་དེ་དང་ཐག་ཉེ་བའི་ལས་ཀ་ག་རེ་བྱེད་དགོས་ཀྱི་འདུག དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་ན་ཡང་མང་པོ་ཞིག་གིས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་རྒྱ་གར་གཞུང་ལ་ཕར་སྤྲད་ནས་སྡེབ་གཅིག་ཏུ་བོད་ལ་ལོག་དགོས་རེད་ཟེར་བ་དེ། ངས་བལྟས་ན་འཆར་ཡན་རིང་ལུགས་ཀྱི་སྐད་ཆ་རེད་བསམ་གྱི་ཡོད། དེ་འདྲ་ཡོང་གི་མ་རེད། མཉམ་འབྲེལ་མཉམ་འབྲེལ་ཟེར་བའི་སྐད་ཆ་འདི་ཡང་ངས་བལྟས་ན་མང་དྲག་འདུག རྩ་བས་མི་རིགས་ཤིག་གི་འཐབ་རྩོད་ནང་མཉམ་འབྲེལ་ཟེར་བ་འདི་གལ་ཆེན་པོ་རེད། ཡིན་ན་ཡང་ཡོངས་རྫོགས་མཉམ་གཅིག་ཏུ་རྒྱུག་ས་ཞིག་ཡོད་པ་མ་རེད་བསམ་གྱི་ཡོད། དམིགས་ཡུལ་གཅིག་གི་ཐོག་ལ་ཁ་བཀྲམ་ནས་རང་རང་གི་ས་ནས་ལས་འགུལ་སྣ་ཚོགས་སྤེལ་དགོས་ཀྱི་ཡོད་རེད་”ཅེས་གསུངས་སོང།
ཡང་ཁོང་གིས་“ལས་འགུལ་སྤེལ་ས་དེ་ཐ་དད་ཡིན་ན་ཡང་སྐྱོན་མི་འདུག ང་ཚོ་མང་པོ་ཞིག་གི་སེམས་ལ་ལས་འགུལ་གང་ཞིག་སྤེལ་དགོས་ཀྱི་འདུག་ཟེར་དུས། ཚང་མ་མཉམ་དུ་འཛོམས་དགོས་པ་ལྟ་བུ་དྲན་གྱི་ཡོད་རེད། ངས་བལྟས་ན་དེ་འདྲ་ཞིག་མ་རེད། ཡང་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་འགྱུར་བ་དང་བསྟུན་ཏེ་ལས་འགུལ་སྤེལ་དགོས་ཀྱི་ཡོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གོ་སྐབས་གང་ཡིན་པ་དེ་ང་ཚོས་ངོས་འཛིན་དགོས་རེད། དཔེར་ན། ལོ་རྗེས་མར་མཚོན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སེར་དང་དཔལ་འབྱོར་གྱི་ཁྱབ་ཁོངས་བཅས་ཀྱིས། རྒྱ་ནག་དང་འབྲེལ་བའི་ཡིག་ཆ་གང་ལ་ཞིབ་འཇུག་དང་བསྐྱར་ཞིབ་བྱེད་ཀྱི་འདུག དེ་བཞིན་རྒྱ་ནག་ལ་གནོན་ཤུགས་སྤྲོད་སའི་ཚོགས་ཆེན་གང་དང་གང་འདུག དེ་ཚོའི་གནས་སྟངས་དེ་མང་ཚོགས་ཀྱིས་ཤེས་ཀྱི་ཡོད་པ་མ་རེད། སྒང་ནས་འདུག་མཁན་ཚོས་གནད་དོན་འདིའི་ཐོག་ཆེད་ལས་ལྟ་བུའི་ཞིབ་འཇུག་གིས། གོ་སྐབས་འདིའི་རིགས་ཤོར་མ་བཅུག་པར་ལས་འགུལ་སྤེལ་དགོས་རེད་བསམ་གྱི་ཡོད་ཅེས་”གསུངས་སོང།

penma_choedunདབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་པདྨ་ཆོས་སྒྲོན་གྱིས། “བསམ་བློ་གསར་པ་དང་། ལས་འགུལ་གསར་པ་སྤེལ་ཕྱོགས་ཀྱི་བསམ་བློ་དམིགས་བསལ་བ་གང་ཡང་མེད། ཡིན་ན་ཡང་ད་ལྟའི་བར་བོད་གཞུང་མང་གཉིས་དང་མི་སྒེར་སོ་སོས་ལས་འགུལ་གང་སྤེལ་བ་དེས་འདོད་པ་མ་ཚིམས་པའི་གྲལ་དུ་ང་རང་ཡང་ཡོད། ཡིན་ན་ཡང་མི་གཅིག་གི་གང་བྱས་པ་དེ་ཚང་མས་བསྐྱར་དུ་བྱས་བསྡད་ན་འགྲིག་གི་མེད་པ་དེ་ཡང་ཁ་གསལ་པོ་ཆགས་ཡོད་རེད། དེར་བརྟེན་རྒྱལ་སྤྱིའི་ཐོག་ཆ་བཞག་ན། ཉིན་གཅིག་གཉིས་ཤིག་གི་སྔོན་ལ་ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་བཅུ་ལྷག་གིས། སྲིད་འཛིན་ཨོ་བྷ་མར་བོད་དོན་རྒྱབ་སྐྱོར་དགོས་སྐོར་གྱི་རེ་བ་བྱས་པ་ལྟར། རྒྱལ་སྤྱིའི་སྒང་ནས་ང་ཚོའི་རྩ་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དགོས་པ་མཐོང་གི་ཡོད་དུས། ང་ཚོའི་ངོས་ནས་ཀྱང་ཁོང་ཚོས་རོགས་པ་གང་བྱས་པ་དེར་བཟང་ལན་གྱི་རྣམ་འགྱུར་སྟོན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་གསུངས་དོན། “ལྷག་པར་དུ་སྲིད་སྐྱོང་གི་ངོས་ནས་ད་ལྟའི་བར་མི་ཞིག་ཡིན་པའི་ཆ་ནས་དང་། ནང་པ་ཞིག་ཡིན་པའི་ཆ་ནས། བོད་མི་ཞིག་ཡིན་པའི་ཆ་ནས་ཞེས་གསུངས་བསྡད་ཡོད་རེད་མ་གཏོགས། འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ཞེས་ཁོ་རང་གིས་ད་ལྟའི་བར་གསུངས་ཡོད་པ་མ་རེད། དེར་བརྟེན་ང་ཚོའི་རེ་བ་ཡིན་ན། རྒྱལ་སྤྱིའི་ཐོག་ནས་ང་ཚོ་ལ་འདི་འདྲའི་རྒྱབ་སྐྱོར་བྱས་ཡོང་སྐབས། འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེའི་ངོས་ནས། རྒྱལ་སྤྱིའི་ནུས་པ་དེ་ང་རང་ཚོའི་འཐབ་རྩོད་ཐོག་བེད་སྤྱོད་ཡག་པོ་ཡོང་ཆེད། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལྟ་བུ་མ་ཡིན་པར། དཀའ་ངལ་ཡོད་པའི་མི་རིགས་ཤིག་གི་འགོ་ཁྲིད་ཀྱི་རྣམ་པ་བསྟན་ནས། མར་ཐང་ལ་བབ་ནས་ལས་འགུལ་གྱི་སྣེ་ཁྲིད་དགོས་ཀྱི་ཡོད་ནའང་འདྲ། སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ནའང་འདྲ། རྒྱལ་སྤྱིའི་རྒྱབ་སྐྱོར་དེ་བོད་མིའི་འཐབ་རྩོད་ཀྱི་བདེན་དཔུང་དུ་ཁུར་ནས་ལས་འགུལ་གྱི་སྣེ་ཁྲིད་དགོས་པའི་དུས་ཚོད་རེད་བསམ་གྱི་འདུག་”ཅེས་གསུངས་སོང།།

tenzin_sodnam1བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་བསོད་ནམས་ཀྱིས། “བོད་ནང་ལ་འདི་འདྲའི་ཛ་དྲག་གི་གནས་སྟངས་ཆགས་ཡོང་དུས། བོད་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་གར་དང་། བལ་ཡུལ་གཙོས་པའི་བོད་མི་ཚང་མས་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། ཡིན་ན་ཡང་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་མ་རེད། དེ་ང་རང་ཚོ་ལ་དྲི་བ་ཞིག་རེད། བོད་མི་ཚང་མ་ལས་འགུལ་ཆེ་ཆུང་ལ་མ་བལྟས་པར་མཉམ་ཞུགས་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་ཡོད། མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་བ་ཡིན་ན་ཡང་ཚང་མ་མཉམ་ཞུགས་བྱེད་དགོས་པ་རེད། ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་ལས་འགུལ་ཆེན་པོ་ཞིག་ག་རེ་བྱེད་དགོས་རེད་ཟེར་ནས་བསྒུག་མ་བསྡད་པར། གོ་སྐབས་དམ་འཛིན་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག བོད་ནང་ལ་ཛ་དྲག་གི་གནས་སྟངས་ཡོང་གི་ཡོད་པ་ལྟར། ཛ་དྲག་གི་གནས་སྟངས་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུས་ཐོག་ལ་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད། བོད་མི་ཡིན་ཚད་ཀྱིས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་བྱེད་དགོས་ཀྱི་འདུག”ཅེས་གསུངས་སོང།

yangzom1དྷ་ས་ས་གནས་གཞོན་ནུའི་ཚོགས་གཞོན་ཉི་མ་དབྱངས་འཛོམས་ཀྱིས། “རྩ་བའི་ང་ཚོ་བོད་ཕྱི་ནང་གཉིས་ནས་ལས་འགུལ་སྤེལ་གྱི་ཡོད་རེད། ཡིན་ན་ཡང་བོད་ནང་གི་ཛ་དྲག་གིི་གནས་སྟངས་དང་བསྡུར་ན། ང་ཚོ་བོད་ཕྱོགས་སུ་ཡོད་པའི་བོད་མི་ཚོའི་ལས་འགུལ་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་པ་མ་རེད། དེར་བརྟེན་ད་དུང་ལས་འགུལ་སྤེལ་ཚར་བ་ལས་སྤེལ་རྒྱུ་མང་བ་ལྷག་ཡོད། ནམ་རྒྱུན་ང་ཚོས་ལས་འགུལ་སྤེལ་སྐབས་མི་མང་པོ་ཞིག་མཉམ་ཞུགས་བྱེད་ཀྱི་མི་འདུག་ལ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ཞེས་དབྱེ་བ་ཕྱེ་ཡོང་གི་འདུག དེ་ཚོ་ནོར་འཁྲུལ་རེད་བསམ་གྱི་ཡོད། བོད་ནང་ལ་མི་༡༠༠ ལ་ཉེ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་གི་ལས་འགུལ་བར་མ་ཆད་པར་ཡོང་བཞིན་པའི་ཛ་དྲག་གི་དུས་ཚོད་འདིེར་ང་ཚོས་རང་བཙན་དང་ལམ་དབུ་མ། ཡང་ན་གཞུང་དང་གཞུང་འབྲེལ་མ་ཡིན་པ་ཞེས་ཁ་དང་སྣ་རྩོད་པ་རྒྱག་པའི་སྐབས་མ་རེད། བོད་མི་སུས་ལས་འགུལ་གོ་སྒྲིག་བྱས་པ་ཡིན་ན་ཡང་ཚང་མ་མཉམ་ཞུགས་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང།།

kanyang_tserin1བཞུགས་སྒར་ཀིརྟི་བྱིས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་གིས། “བོད་ནང་གི་ཛ་དྲག་གི་ལས་འགུལ་འདི་སྔོན་མ་ནས་ཡོད་བསྡད་པ་ཞིག་རེད། བོད་ནང་གི་བོད་མི་༡༠༠ ལ་ཉེ་བས་རང་ལུས་མེར་སྲེག་གིས་ལས་འགུལ་སྤེལ་ཡོད་པ་རེད། གཞི་ནས་ང་ཚོས་གྲ་སྒྲིག་གསར་པ་ག་རེ་ཡོད་ཟེར་ན་ཏག་ཏག་བསྡད་ཡོད་པ་མ་རེད། སྔོན་མ་ནས་ང་ཚོ་ལ་གྲ་སྒྲིག་ཡོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། ཡིན་ན་ཡང་བོད་ནང་གི་བོད་མི་ཚོས་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་འདི་འདྲའི་བློས་གཏོང་ཆེན་པོ་བྱས་ཡོང་དུས། དེ་ལྟ་བུའི་ཛ་དྲག་གི་གནས་སྟངས་དེ་ང་ཚོས་འདི་ནས་རྒྱལ་སྤྱིའི་ཐོག་འདོད་པ་ཁེངས་པའི་གསལ་བསྒྲགས་བྱེད་ཐུབ་ཡོད་པ་མ་རེད། དེ་ཡང་ང་ཚོས་ག་དུས་ཡིན་ན་ཡང་ཁ་ཕར་འཁོར་ནས་སྐད་ཆ་བཤད་བསྡད་པ་དེ་མ་ཡིན་པར། སོ་སོ་རང་གི་སྒང་ལ་བསམ་བློ་བཏང་ནས་སྐད་ཆ་ཞིག་བཤད་པ་ཡིན་ན། དེའི་ཐོག་ནས་གནད་དོན་ཞིག་རག་གི་རེད་བསམ་གྱི་ཡོད། དེ་ང་རང་གི་བསམ་བློ་གཏོང་སྟངས་ཡིན། ད་ལྟའི་བར་ང་ཚོའི་གནས་ཚུལ་ཁྱབ་བསྒྲགས་མ་སོང་བ་དེར། མི་རེའི་ངོས་ནས་ཁྱབ་བསྒྲགས་འགྲོ་ཆེད་ལས་ཀ་ག་རེ་བྱས་ཡོད། དེ་ལ་བསམ་བློ་ཞིག་བཏང་ན་གཞི་ནས་ཤེས་ཀྱི་རེད། གལ་ཏེ་ང་ཚོ་ཚང་མས་འགན་ཁུར་ནས་ལས་ཀ་བྱས་ཡོད་ན་ཁྱབ་བསྒྲགས་འགྲོ་དགོས་ཀྱི་ཡོད་རེད། ཡིན་ན་ཡང་ངས་བལྟས་ན་བོད་མི་ཚང་མས་འགན་ཁུར་གྱི་མི་འདུག་བསམ་གྱི་ཡོད། དེ་ནང་བཞིན་ཚོགས་པ་དང་མི་སྒེར་སོགས་ལས་འགུལ་སྤེལ་མཁན་མང་པོ་ཞིག་ཡོང་གི་ཡོད་རེད། ཡིན་ན་ཡང་ལས་འགུལ་དེ་དག་ཀྱང་རྒྱུན་ལྡན་གྱི་ལས་འགུལ་ཞིག་ལས། ཛ་དྲག་རང་བཞིན་གྱི་ལས་འགུལ་ཞིག་ཆགས་ཐུབ་ཀྱི་ཡོད་མ་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་གསུངས་དོན། “ང་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང། ལྷག་པར་དུ་རང་ལུས་མེར་སྲེག་གི་ལས་འགུལ་དེ་ལ་དཔག་པའི་ལས་འགུལ་ཞིག་ཕལ་ཆེར་སྤེལ་ཡོད་པ་མ་རེད་ལབ་ན་ཡང་ལབ་ཆོག་པ་ཞིག་རེད། མི་མང་ཀྱང་ཛ་དྲག་གི་རྣམ་པའི་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་མ་རེད། མར་མེའི་ཁྲོམ་སྐོར་ཞིག་མ་གཏོགས་བྱེད་མ་ཐུབ་ན་ཡང་། མི་གང་མང་མང་མཉམ་ཞུགས་བྱེད་ཐུབ་ན་ཁྱབ་བསྒྲགས་འགྲོ་ཡི་རེད། ཡིན་ན་ཡང་ང་ཚོས་དུས་ཐོག་གཅིག་གི་ལྟོ་དེ་གཅོག་མ་ཐུབ་ནས་མར་མེའི་ཁྲོམ་སྐོར་ལ་ཡང་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་མ་རེད། མི་ག་ཚོད་ཀྱིས་མང་ན་དེའི་ཚོད་ཀྱིས་ཁྱབ་བསྒྲགས་འགྲོ་ཡི་རེད། གསར་འགྱུར་འབྲི་མཁན་ཡིན་ན་ཡང་ཛ་དྲག་ཅིག་འབྲི་ཡི་རེད། ཡིན་ན་ཡང་དེ་འདྲ་ཡོང་གི་ཡོད་མ་རེད། དངོས་གནས་བྱས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་བོད་མི་གང་མང་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་དགོས་ཀྱི་ཡོད་རེད། དེ་འདྲའི་ལས་འགུལ་ཐེངས་ཁ་ཤས་ཤིག་སྤེལ་ཐུབ་ན་ང་ཚོའི་གནས་ཚུལ་དེ་དྲིལ་བསྒྲགས་འགྲོ་ཐུབ་ཀྱི་རེད། ཡིན་ན་ཡང་མི་མང་ལས་འགུལ་ནང་མཉམ་ཞུགས་མ་བྱས་ན་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུ་ཁག་པོ་རེད་”ཅེས་གསུངས་སོང།།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༨    ཕྱི་ལོ་ ༢༠༡༢/༡༢/༢༦ ཐོག་བཀོད་ཡོད།