རི་གྲོང་གི་གདུང་ཡུས་ཀྱིས་འབོད་པས་ཆོས་རྗེ་མཆོག་ལ་རྗེས་དྲན་ཞུ།

ཆོས་རྗེ་ཡི་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་

དཔལ་བཟང་པོ་རྗེས་སུ་དྲན་པའི་གདུང་འབོད་བཞུགས་སོ།།

 ༡རྡུལ་བྲལ་བདེ་བ་ཆེན་པོ་མངོན་དུ་མཛད་ཅིང་།།

སྤྲོས་བྲལ་ཡེ་ཤེས་ཆེན་པོ་ས་ལེར་གཟིགས་ཤིང་།།

ཟླ་བྲལ་ས་མཆོག་ཆེན་པོ་རིང་ནས་ཐོབ་ཅིང་།།

འཇིགས་བྲལ་བསྟན་འཛིན་ཆེན་པོ་སྙིང་ནས་དྲན་ཞིང་།།

 

༢ལེིགས་ཚོགས་ཆར་པ་འབེབས་པའི་ཆོས་ཀྱི་ར་བར།     །

བོད་ཟླ་དགུ་པའི་ཚེས་པ་བཅོ་བརྒྱད་ཉིན་མོ།             །

ལྷར་བཅས་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོས།   །

ཐ་མའི་ལྷན་འཛོམས་ཡིན་པར་གསུང་པ་དྲན་བྱུང་།  །

 

༣ད་དུང་རང་ཉིད་ཚུགས་ཐུབ་རང་གིས་དགོས་ཤིང་།   །

གཞན་ལ་འཚེ་བ་མཐའ་དག་རིང་དུ་སྤོངས་དང་།       །

ཆོས་སྲིད་གཉིས་ཀྱི་གལ་འགག་འདི་ཉིད་ཡིན་ཞེས།    །

བཀའ་ཡི་ཕྱག་རྒྱས་བཏབ་པ་ལྷག་ཏུ་དྲན་ནོ།         །

 

༤བསོད་ནམས་ཡེ་ཤེས་དཔལ་གྱི་ཡོངས་སུ་གཏམས་ཤིང་།།

ཤེས་རབ་ཏིང་འཛིན་དཔལ་ལ་མངའ་དབང་འབྱོར་ན། །

ནམ་ཞིག་འོད་མཚན་སྟོང་འབར་གསུང་གིས་བསྐུལ་ཚེ།།

ཡང་བསྐྱར་འདི་རུ་འཛོམས་ཞེས་གསུང་པ་དྲན་བྱུང་།  །

 

༥ཟླ་ཕྲག་གཉིས་ཀྱི་དུས་ཚོད་རིམས་གྱིས་འདའ་ཞིང་། །

ཉི་མའི་འོད་མོག་ནམ་ཟླའི་གྲང་ངར་རྒོད་སྐབས།      །

སེམས་པ་སྡུག་ལ་བསྐུལ་བའི་གཏམ་ངན་ཞིག་གིས།     །

བྱམས་བརྩེས་འཚོ་བའི་ལྗོངས་འདི་ཁད་ཀྱིས་དཀྲོགས་སོང་། །

 

༦རེ་ཞིག་འགྲོ་དོན་རྫོགས་པའི་ངང་ཚུལ་བསྟན་སོང་།།

སྐུ་མཆོག་མྱ་ངན་འདས་པའི་མཛད་པ་བསྐྱངས་སོང་།།

ཞིང་ཁམས་གཞན་དུ་གཤེགས་པའི་འདུན་པ་གཏད་སོང་།།

ཟེར་བའི་གཏམ་དེ་ཁ་པར་བརྒྱུད་ནས་གོ་སོང་།།

 

༧རྣམ་བཞིའི་འཁོར་གྱིས་སྐྱོ་བའི་གདུང་འབོད་རེ་རེ།   །

ཡིད་སེམས་སྡུག་གིས་ཕམ་པའི་མིག་ཆུ་རེ་རེ།     །

ཤུལ་ལུས་གདུང་བས་མནར་བའི་སྨྲེ་སྔགས་རེ་རེ། །

སེམས་ཀྱི་ཨ་ཐང་ཆད་པ་དྲན་ཤིང་གྱུར་སོང་། །

 

༨ཆོས་ཀྱི་ཞིང་དེ་སྐྱོ་བའི་གྲོང་དུ་གྱུར་སོང་།།

བྱམས་བརྩེའི་འཚོ་བ་ཐལ་བའི་རླུང་དང་འདྲེས་སོང་།།

དགོད་པའི་འཛུམ་བག་སྡུག་གི་སེམས་ནས་ཡལ་སོང་།།

དྲན་པའི་སེམས་ཀྱིས་གདུང་བ་ད་དུང་བརྗེད་མེད།།

 

༩དགའ་སྦྱིན་ཉིན་མ་ཆེན་པོ་ནུབ་རིར་ཕེབས་སོང་། །

མྱ་ངན་མུན་པ་ནག་པོ་ཐོལ་གྱིས་སླེབས་སོང་། །

ངུས་པའི་མཆི་མ་མཁུར་གོང་བརྒྱུད་ནས་བཞུར་སོང་། །

གདུང་བའི་འབོད་པ་བྱས་པ་ཡང་བསྐྱར་དྲན་སོང་།།

 

༡༠ངུས་པའི་མཆི་མ་འཁོལ་བའི་བོད་འབངས་ཡོངས་ཀྱིས།།

གདུང་བས་སྨྲེ་སྔགས་སྟོང་གིས་འབོད་པ་རེ་རེ།།

བདེ་ཆེན་དག་པ་ལྷ་ཡི་ཞིང་མཆོག་དེ་ནས།།

རྒྱལ་སྲས་སེམས་དཔའ་ཆེན་པོས་གསན་པ་ཨེ་བྱུང་།།

 

༡༡དེ་ལྟར་དྲན་པས་གདུང་བའི་སེམས་ཀྱི་རི་མོ།།

ཡི་གེ་རིས་སུ་ཕབས་པའི་དགེ་ཚོགས་མཆིས་ན།།

སླར་ཡང་ཉི་གཞོན་ཤར་ནས་འཛུམ་པའི་བྱམས་བརྩེས།།

རིང་མིན་ང་ཅག་འཚོ་བའི་རྒྱུ་རུ་གྱུར་ཅིག །།

 

སརྦ་མངྒཾ་ལཾ།།      བསོད་ནམས་ཆོས་རྒྱལ་ནས་བྲིས་པ་དགེ་བར་གྱུར་ཅིག །།