ཁུ་སིམ་སིམ་གྱི་བརྩེ་བ།
སྐྱོ་ཤེས་མང་བའི་ས་འདིར།
ཧམ་བཤད་མི་ཤེས་ལ།
རྒོད་གཏམ་མི་འཇོན་མཁན་ཁྱེད།
ལྷིང་འཇགས་ཀྱི་ཟུར་འདི་ནས།
ང་ལ་སྙིང་ཉེ་ཞིང་སྤྲོ་བས་སྐྱོང།
ལོ་ཟླའི་འཁྱེར་སོང་བ་ནི་སྡུག་གི་ས་བོན་ཙམ།
བྱིས་པའི་དུས་ནས་བཟུང།
ངས་ཡིད་འོང་གི་གནས་དེ་འདྲ་ཞིག་འཚོལ་མྱོང །།
དམ་བཅའ་དང་ཁེས་ལེན་མི་ཤེས་པའི་ཁྱེད།
ངའི་འཁྲིས་སུ་མི་ཚེ་རྫོགས་སྲིད།
ཁྱེད་མེད་པའི་འཇིག་རྟེན་བྱེ་ཐང་རེད།
དུང་བ་སེམས་ཀྱིས་བོར་ཞིང།
ལོ་ཟླ་མཆི་མས་བསྐྱེལ་མི་དགོས།
མི་ཚེའི་རྨི་ལམ་དང་ཕུག་བསམ།
དལ་བུལ་དང་བག་ལྷོད་ངང་འགྲུབ་ཡོང །།
རི་རྒྱལ་ལྷུན་པོའི་གཤིས་སྤྱོད་དང།
གཙང་ཆུ་དང་མའི་སེམས་ཁམས་བཟུང་ཤེས་པ་དེ།
དོན་དམ་གྱི་ནང་པ་ཆུང་ངུ་ཞིག་ཡིན་པ་འདྲ།
མི་དགེ་བཅུ་དང་མཚམས་མེད་ལྔ།
ཚོར་འདུ་རྒོད་པོའི་དགའ་སླ་སྡུག་མགྱོགས།
དེ་དག་ཁྱེད་དང་འབྲེལ་བ་མེད་པ་འདྲ།།
ཡིད་འོང་གི་བརྩེ་དུང།
ཕྱི་ཚུལ་གྱི་སྟེར་བཟོ་ཙམ་མིན་ལ།
བསླུ་གཏམ་གྱིས་མགོ་བསྐོར་ཡང་མ་རེད།
དང་ཞིང་གཙང་ལ་གསལ་ཞིང་མཛེས།
ལུས་སེམས་གཉིས་ཀྱི་རྨ་ཁར།
ངལ་དུབ་སྤྲིན་ནག་གིས་གཡོ་དུས།
སླར་ཆབ་དུས་སུ་བོར་སོང་བ་ནི།
སྡུག་གི་ཆུ་ཐིགས་རེ་རེའང་ཡིན་སྲིད།།
ཁྱེད་དང་འགྲོགས་མྱོང་བའི་མཛེས་རིས་རེ་རེ།
སྙིང་དབུས་ཀྱི་ཡུལ་ལྗོངས་རེ་རེ་ཡིན།
ཁྱེད་ཀྱིས་དུང་བའི་བདུད་རྩིས་བརླན་དུས།
ད་ཆ་ངས་སོ་སོར་དགའ་ཤེས་ཏེ།
ཁྱེད་ལ་དུང་ཡང་ཤེས་ཡོད།
ཆབ་གདུག་བོར་ཚར་བའི་ཆར་དུས་དེར།
བློ་ཡིད་ཚིམས་པའི་ངང།
ཕྱོགས་གཅིག་ལ་གོམས་བགྲོད་བྱེད་པ་དེའང།
ཐོབ་ཤོར་ལ་དམིགས་པ་མེད་ཅིང།
ལོངས་སྤྱོད་ལ་གཙིགས་འཛིན་མིན་པའི།
ངེད་གཉིས་ཀྱི་མི་ཚེའི་རྐང་ལམ་ཡིན་ནམ།།
སེམས་གཉིས་བསྒྲིལ་བཞིན།
བྲལ་གདུང་གིས་ནག་ནོག་མ་བཟོ་རོགས།
ལུས་ངག་ཡིད་གསུམ་གྱིས་ཀྱང།
ལོ་ཟླ་འཇུ་ཐབས་མེད་ལ།
སྐྱེ་རྒ་ན་འཆིའི་འོག་ཏུ།
འཇིག་རྟེན་སྟོང་ཐབས་ཟད་པར་ཤེས་ཡོད །།
འུར་ཟིང་མེད་ཅིང།
ལྷིང་འཇགས་ཀྱི་ལྡུམ་རྭའི་ནང།
བརྩེ་དུང་ལ་རེ་བ་གཅིག་ཁོ་ནར་ཡོད་སྲིད་པ་ནི།
ཁྱེད་ཀྱི་ཕྱག་དྲོན་མོ་འཇུས་ནས།
མེ་ཏོག་ཚོམས་བུས་ཁེངས་པའི་སྤང་ཁ་དེར།
དུང་བའི་འོད་སྣང་ལ་ཐིམས་བཞིན།
གཅིག་ཏུ་སྒྲིལ་ཟིན་པའི་ཡ་ཆུང་གཉིས།
བདེ་བའི་ཕྱི་མ་ཞིག་ལ་འཕུར་སོང་ན་ཅིས་མི་ཆོག
༢༠༡༢ ཟླ ༡༢ ཚེས་ ༢༩ ཉིན།