༄། ཉི་མའི་གྲོང་ཁྱེར་དེ་རུ་སྐྱེ་བར་ཤོག

ལ་ལ་གཟུགས་གྲུབ་ལ་ལ་སྐྱེས་ཙམ་དང་།། ལ་ལ་གཞོན་རྒུད་འཆི་བ་སྣ་ཚོགས་ཀྱང་།། ལ་ལའི་མི་ཚེ་ལ་ལས་རྩེད་སྤྱད་ནས།། མི་བཟད་གཙེས་ནས་སྲོག་དམར་བཅད་འདི་སྐྱོ།། ཆགས་ལྡན་མི་ཡི་ཆགས་པས་གཞན་དབང་གིས།། ཆགས་གདོན་ངོ་ཚ་བྲལ་བས་བྱ་སྤྱོད་སོགས།། ཆགས་སྤྱོད་མི་ངོམས་སྣ་མང་མཐོང་སྲིད་ཀྱང་།། ཆགས་འཚོ་གཏན་འགོག་འཚེ་བ་སྙིང་ལ་གཟན།། ཉེར་གསུམ་བཞེས་པའི་མཛངས་མ་དྷཱ་མུ་ནི།། ཉེན་ཚབ་གཤིན་རྗེའི་འཕྲང་ལ་བརྫངས་ན་ཡང་།། ཉིན་གྲངས་བཅུ་གཉིས་མིག་ཟུང་མི་ཟུམ་པར།། གཉེན་དང་སྤུན་ལ་བརྩེ་བ་བསྐྱངས་ནས་བཞུགས།།

འཆི་དང་གྲོལ་བ་གཉིད་དང་བརྒྱལ་བ་སོགས།། དྲན་པ་འཐིམ་ནས་སྣང་བ་བརྗེ་བའི་སྔོན།། མི་འདོད་མནར་གཅོད་འདི་འདྲའི་སྡུག་བསྔལ་ནི།། སྐྱེ་བ་སྐྱེས་པ་སུ་ལའང་མི་མྱོང་ཤོག །། སྲོག་ནི་སྲོག་གིས་གཅོད་པའི་གོ་ལ་འདིར།། སྲོག་ལྡན་སྲོག་ལ་མི་གཅེས་སུ་ཡང་མེད།། སྲོག་དམར་སྲོག་གི་དབང་རྩ་འཕར་བཞིན་དུ།། སྲོག་སྐྱེས་སྲོག་ལ་གནོད་འཚེ་སྤངས་བར་ཤོག །། ཆུ་ཚོད་བཅུ་བཞིའི་འཁོར་ལོའི་སྐར་ཁྱིམ་རེར།། དབང་མེད་བཙན་གཡེམ་ཐེངས་རེ་འབྱུང་བ་ནི།། རྒྱ་གར་སྲོལ་རྒྱུན་ཞིག་ལ་གབ་པ་ཡི།། གོམ་གཤིས་ངན་པ་བསྒྱུར་བས་རླབས་ཆེན་མ།། ཨ་མ་གཅིག་པུའི་ཁོག་པའི་སྙིང་བྱུང་ཞིང་།། དཔྲལ་བའི་མིག་གཉིས་ཁྲག་གིས་གང་བ་ནི།། བསམ་ཞིང་བསམ་ན་མི་བཟོད་སྙིང་འདར་ཏེ།། དྲན་པ་སྟེང་འོག་བརྗེ་བའི་ཚོར་བས་མནར།། འཕགས་པའི་ཡུལ་ནས་མ་འཕགས་གང་ཟག་འགས།། འཕགས་ཡུམ་སྒྲོལ་མར་བཙན་གཡེམ་ཉེས་འགལ་ཀུན།། འཕགས་མ་དྷཱ་མུའི་སྐུ་གསུང་ཐུགས་གསུམ་དང་།། འཕགས་མཆོག་དང་བཅས་ཀུན་ལ་བཟོད་པར་གསོལ།། ཉི་མ་ནུབ་འགྲོའི་ཅང་ཟད་སྟེང་ཕྱོགས་ན།། ཉི་མའི་གྲོང་ཁྱེར་བདེ་ལྡན་ཞིང་ཁམས་དེར།། ཉི་མ་སྔ་དྲོར་གྲོངས་བའི་དྷཱ་མུ་ནེ།། ཉི་མའི་ཟེར་གྱིས་འདྲེན་པར་སྙིང་ནས་བསྐུལ།། ཞེས་༢༠༡༢/༡༢/༢༩ཉིན་བྲིས།།