མི་ཞིག་ཡིན་པའི་ཆ་ནས་བོད་དོན་གྱི་སྐད་ཆ་བཤད་ཀྱི་ཡོད།
ཌོག་ཊར་དྷི་བྷེ་ཤི་ ཨ་ནན་ཌིས་”རང་ལུས་མེར་སྲེག་གཏོང་མཁན་ཚོའི་རེ་བ་བཞིན་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་བྱས་ཏེ། བོད་ཀྱི་འཐབ་རྩོད་རྒྱུན་འཁྱོངས་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།
ཟླ་འདིའི་ཚེས་༣༠ དགོང་མོར་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག མི་མང་གིས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་ཞིག་བྱས་སོང་།
མར་མེའི་ཁྲོམ་སྐོར་དེའི་ཐོག་དྷ་ས་གནས་གཞོན་ལྷན་གྱི་རྒྱུན་ལས་བསྟན་འཛིན་བརྩོན་འགྲུས་ཀྱིས་ད་ལྟ་བོད་ནང་རྒྱ་ནག་གིས་དམ་དྲག་ཆེན་པོ་ཡོད་པ་དང་། ༢༠༡༢ ལོ་ནི་བོད་མིས་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་མང་ཤོས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
དབྱིན་ཇི་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གྲྭའི་(Univessity Westminster Lonton)སློབ་དཔོན་དྷི་བྷེ་ཤི་ ཨ་ནན་ཌིས་བོད་པའི་ལས་འགུལ་སྐོར་ལ་གཏམ་བཤད་གནང་སྐབས། ཁོང་གིས་”བོད་དོན་སྐོར་ལ་སྐད་ཆ་བཤད་པ་དེ་རྒྱ་གར་མི་རིགས་ཤིག་ཡིན་པས་མིན་ལ། དབྱིན་ཇིའི་མི་སེལ་ཞིག་ཡིན་པས་ཀྱང་མིན་ལ། ང་མི་ཞིག་ཡིན་པའི་ཆ་ནས་བོད་དོན་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད། ད་ལྟ་ང་ཚོས་མར་མེའི་ལག་ཏུ་ཁྱེར་ནས་འགྲོ་ཡི་ཡོད་པ་རེད་ལ། དེར་ལག་པ་ཙམ་ཐུག་ཐུབ་ཀྱི་མ་རེད། ཐུག་ན་ཚ་ཡི་རེད། རང་ལུས་མེར་སྲེག་གི་ངོ་རྒོལ་བ་ཚོས་ལུས་པོ་ཚང་མ་མེ་ལ་བསྲེགས་སྟེ། སྲོག་བློས་གཏོང་གི་ཡོད་པ་རེད། དེ་ཐབས་ཤེས་མེད་པ་ལས། གདམ་ཀ་གཞན་ཡོད་པ་ཞིག་མ་རེད། ཁ་ཤས་ཀྱིས་ཨུ་ཐུག་པ་རེད་ཟེར་གྱི་ཡོད་པ་རེད་མོད། དེར་རེ་བ་ཆེན་པོ་ཡོད་པ་ཞིག་རེད་ལ། རང་ལུས་མེར་སྲེག་བཏང་ནས་སྲོག་དོར་ན་རྒྱ་ནག་གིས་ཉན་རྒྱུར་རེ་བ་གཅིག་དང་། གཉིས་པ་བོད་པའི་སྤྱི་ཚོགས་ནང་རྡོག་རྩ་ཆིག་སྒྲིལ་བྱས་ཏེ། བོད་དོན་འཐབ་རྩོད་ཤུགས་ཆེན་པོར་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ་རེད། གསུམ་པ་དེ་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུངས་དོན། “བོད་པའི་ནང་རང་ལུས་མེར་སྲེག་གི་ལས་འགུལ་གཅིག་པུ་མ་རེད། རྩོམ་ཡིག་འབྲི་མཁན་དང་། ངོ་རྒོལ་ཁྲོམ་སྐོར། གཞས་གཏོང་མཁན་སོགས་ཀྱིས་མཚོན་བོད་དོན་ལས་འགུལ་སྤེལ་མཁན་མང་པོ་རེད་ལ། དེ་བཞིན་ལས་འགུལ་འདི་ལོ་གཅིག་པུ་མ་ཡིན་པར། ༡༩༥༡ ལོ་ཡས་མས་ནས་རྒྱུན་མ་ཆད་པར་བྱུང་བ་ཞིག་རེད། བོད་ནང་གི་ལས་འགུལ་བ་ཚོའི་མངོན་འདོད་དེ་རྒྱ་ནག་གི་འོག་ཏུ་སྡོད་འདོད་མེད་པ་དེ་གསལ་པོ་རེད་ལ། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་མཉམ་དུ་སྐད་ཆ་རྒྱུའི་རེ་བ་ཡོད་ན། བོད་ནང་གི་མངོན་འདོད་དེ་གསལ་པོ་ཧ་གོ་དགོས་པ་རེད། དེ་བཞིན་རང་ལུས་མེར་སྲེག་གཏོང་གཏོང་མཁན་ཚོའི་རེ་བ་བཞིན་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་བྱས་ཏེ། བོད་ཀྱི་འཐབ་རྩོད་རྒྱུན་འཁྱོངས་དགོས་པོ་གལ་ཆེན་པ་རེད་”ཅེས་གསུངས་སོང་།།