ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྙོག་གླེང་ནས་དོན་འབྲས་བཟང་པོ་ཞིག་བྱུང་ཐུབ་བམ།

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་སྤེལ། By the Editorial Board of Tibetan Political Review

ཁང་གསར་ཀརྨ་བསྟན་འཛིན་གྱིས་བསྒྱུར།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ན་ཟུག་ཅན་གྱི་རྙོག་གླེང་དེའི་བྱུང་རིམ་ནི་གནས་ཚུལ་ཆུང་ཆུང་ཞིག་མ་རེད། གང་ལགས་ཤེ་ན། དེས་བོད་ནང་གི་ཛ་དྲག་གི་གནས་ཚུལ་རྣམས་ལ་དོ་སྣང་བྱེད་མཁན་ཉུང་དུ་བཏང་བ་དང་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ལ་དཀའ་ངལ་བཟོ་པའི་ཉེན་ཚབས་འདུག

གོང་གསལ་གྱི་རྙོག་གླེང་དེ་ནི་མཇའ་ཡལ་བ་ལྟར་མེད་པར་ཆགས་ཐབས་མེད་ཅིང་། གང་ལྟར་ཡང་དོན་དངོས་ཀྱི་གདམ་ག་གཅིག་པོ་ནི་གནས་ཚུལ་དེ་གང་འདྲ་བྱས་ནས་ཐག་གཅོད་བྱེད་དགོས་པ་དེ་ཡིན། ང་ཚོའི་བསམ་པར། བཙན་བྱོལ་བོད་གཞུང་གིས་མང་གཙོའི་སྒྲིག་འཛུགས་གཞན་ལྟ་བུར་དེ་དང་འདྲ་བའི་དཀའ་ཉེན་ཆེ་བ་མང་པོར་གདོང་ལེན་དང་། ཕྱི་གསལ་ནང་གསལ་ངང་མང་གཙོ་ཚད་ལོངས་པ་ཞིག་ཡིན་པ་བོད་མི་དམངས་དང་འཛམ་གླིང་ལ་སྟོན་རྒྱུའི་གོ་སྐབས་ཞིག་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྙོག་གླེང་གི་རྒྱབ་ལྗོངས།

ད་ལྟའི་དུས་ལ་བློ་ཚབ་ཆེ་ཤོས་ནི་དངོས་དོན་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཁ་གསལ་མེད་སྟབས། སུའི་ནོར་འཁྲུལ་ཡིན་མིན་ཚོད་དཔག་བྱེད་མི་ཐུབ་པ་དེ་རེད། ཚང་མས་ཤེས་གསལ་ལྟར་ང་ཕོད་འཇིགས་མེད་ལགས་ཀྱིས་ལོ་ ༡༦ ཙམ་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་འགན་འཛིན་གྱི་ལས་འཁུར་བཞེས་ཡོད་པ་དང།  ཕྱི་ལོ་ ༢༠༡༢ ཟླ་བ་ ༡༡ ཚེས་ ༤ ཉིན་ལས་ཀ་མེད་པར་ཆགས་ཡོད་པ་རེད། དེར་ཚང་མས་མོས་མཐུན་བྱེད་ཀྱི་ཡོད། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལི་བི་ལིའུ་(Libby Liu)ལགས་སུ་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ལས་བྱེད་ ༤༠ ནང་ནས་ ༣༧ ནས་ས་རྟགས་བཀོད་པའི་ཞུ་ཡིག་ཕུལ་བའི་ནང་ “འཇིགས་མེད་ལགས་ལ་རྒྱབ་སྐྱོར་ཆ་ཚང་དང་གུས་ཞེན་ཡོད་” ཅེས་བཀོད་འདུག ཞུ་ཡིག་དེའི་ངོ་བཤུས་ཡང་དྲྭ་ཚིགས་ཁག་ཏུ་འགྲེམས་སྤེལ་བྱས་འདུག

ཟླ་བ་ ༡༡ ཚེས་ ༨ ཉིན་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ང་ཕོད་(འཇིགས་མེད་)ལགས་མི་མངས་ལ་གསལ་བཤད་མེད་པར་ཕྱིར་འབུད་བྱས་ཡོད་པ་དང་། ལས་ཁུངས་ནས་སྐུ་སྲུང་དམག་མིས་ལྟ་སྐུལ་འོག་ཕྱི་རུ་བཏོན་འདུག (ཁོ་མོས་ལྷ་ས་ནས་བྲིས་པར་རྟེན་། ཁོ་མོའི་གནས་ཚུལ་དེ་ཐོག་མའི་བྱུང་ཁུངས་དངོས་མ་རེད།) ཁོ་མོས་ང་ཕོད་འཇིགས་མེད་ཀྱི་བྱས་རྗེས་ལ་ “བསྔགས་བརྗོད་ཚད་མེད་” ཡོད་ཅེས་བཀོད་པ་དང་། ད་དུང་ཁོ་མོ་རང་ཉིད་ཀྱང་རྒྱ་ནག་གི་དཔོན་རིགས་དག་གིས་ལས་གནས་ནས་ཕྱིར་འབུད་བཏང་བ་དང། ཁོང་ཚོས་མ་མཐར་ཁོ་མོ་རང་ཉིད་ཕྱིར་འབུད་གཏོང་དགོས་པའི་རྒྱུ་མཚན་བརྗོད་ཅིང་། ཁོ་མོ་ལས་ཁུངས་ཀྱི་ཁང་བརྩེགས་ནས་ “ཁྱི་ནག་པོ་ཆེན་པོ་ཞིག་འདོགས་ཐག་གི་བཟུང་བ་”བཞིན་ཕྱིར་སྐྲད་བྱས་མ་བྱུང། ཡང་བསྐྱར་ཟླ་བ་ ༡༡ ཚེས་ ༢༡ གྱི་ཟིན་བྲིས་ནང་འོད་ཟེར་ལགས་ཀྱིས་“ད་ལྟའི་ཆར་ང་ལ་གནས་ཚུལ་འབྱོར་ཡོད་པ་རྣམས་ཆ་ཚང་མ་ཡིན་པ་མ་ཟད། ད་དུང་སྐད་ཡིག་མི་འདྲ་བར་རྟེན་གཅིག་བྱས་ན་ངས་གནས་ཚུལ་དེ་གོ་ནོར་འཐེབ་ཡོད་སྲིད་ཀྱི་རེད།” ཅེས་བྲིས་འདུག

གནད་དོན་འདི་ནི་མི་གཅིག་གི་ལས་ཀ་ཤོར་བའི་སྐོར་ཙམ་མ་ཡིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སྤེལ་སྟངས་དེ་འགྲན་ཟླ་མེད་པ་ཞིག་རེད། བོད་ནང་གི་བོད་མི་རྣམས་ཀྱིས་སོ་སོའི་སྲོག་ལ་མི་འཛེམ་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་དང་། རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་མང་པོས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་རྣམས་ལུང་འདྲེན་ཤུགས་ཆེན་བྱས་དང་བྱེད་བཞིན་རེད། ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རང་ལུས་མེར་བསྲེགས་ཐོག་གནས་ཚུལ་དེ་དག་ཕྱིར་བོད་དུ་རྒྱང་བསྲིང་བྱེད་ཀྱི་ཡོད་པ་ཙམ་མ་ཟད། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གིས་བོད་དང་འཛམ་གླིང་དབར་གལ་གནད་ཅན་གྱི་སྦྲེལ་ལམ་ཞིག་ཆགས་ཡོད། དེར་རྟེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་མེད་པར་བཟོས་པ་འདི་བོད་ཀྱི་རྩ་དོན་གྱི་ཆེད་དུ་སྟབས་མི་ལེགས་པ་ཞིག་རེད།

འཇུག་སྡོམས་རྒྱབ་རྒྱུར་རྔམ་མི་རུང་།

ཀློག་པ་པོ་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་སྐུ་ཞབས་ཌེ་ན་རོ་བྷ་ཅེར་(Dana Rohrbacher)གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལི་བི་ལིའུ་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ལ་ཟླ་བ་ ༡༡ ཚེས་ ༡༧ དང་ ༡༩ སོ་སོར་བཏང་བའི་ཡི་གེ་དེ་ཤེས་རྟོགས་ཡོད་ཤག་དང་། སྐུ་ཞབས་རོ་བྷ་ཅེར་གྱིས་ལི་བི་ལིའུ་(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་) དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཉིས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ “ཆབ་སྲིད་བཀག་འགོག” བྱས་པའི་ཉེས་འཛུགས་དང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ “ཁྱེད་དང་བོད་རིགས་འགོ་འཁྲིད་གཞན་འགས་བྱེད་སྟངས་དེ་དག་གིས་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་དེ་མེད་པར་འགྲོ་ཉེན་ཡོད། ” ད་དུང་སྐུ་ཞབས་རོ་བྷར་ཅེར་གྱིས་ “ཨ་རིའི་གཞུང་གིས་བོད་མིའི་ཆེད་ཀྱི་རོགས་དངུལ་རྒྱ་ནག་དམར་ཤོག་ཚོགས་པ་དང་བོད་མིའི་དབང་ཆ་བར་ཁེ་པ་(Tibetan power brokers)རྣམས་ཀྱི་དངུལ་ཁུག་ནང་དུ་ཕྱིན་ཡོད་སྲིད་པའི་ནག་ཉེས་སྐྱོན་འཛུགས་ཚབས་ཆེན་” ཡོང་བའི་ཉེན་བརྡ་བཏང་ཡོད།

ཀློག་པ་པོ་རྣམས་ཀྱིས་ད་དུང་ཟླ་བ་ ༡༡ ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བསྒྲགས་གཏམ་སྤེལ་བའི་ནང་དུ་སྐུ་ཞབས་རོ་བྷ་ཅེར་གྱིས་ཉེས་འཛུགས་བྱས་པ་རྣམས་ “གཞི་རྩ་གཏན་ནས་མེད་པ་” ཞིག་རེད་ཅེས་བརྗོད་ཡོད་པ་དེ་ཡང་ཤེས་རྟོགས་ཡོད་རྒྱུ་རེད། (འདིའི་སྐོར་གཤམ་དུ་ཁ་གསལ་བཀོད་ཡོད།)

ད་ལྟའི་ཆར་གནད་དོན་འདིའི་ཐོག་མཐའ་སྡོམས་རྒྱབ་རྒྱུའི་དུས་ལ་རྩ་བ་ནས་བབ་མེད། སྐུ་ཞབས་རོ་བྷ་ཅེར་ལ་ཁོང་གིས་སྲིད་སྐྱོང་བློ་བཟང་སེང་གེར་ཉེས་འཛུགས་བྱས་པ་དེ་དག་གི་རྒྱབ་ལྗོངས་དང་བདེན་དཔང་མཁོ་སྤྲོད་བྱེད་དགོས་པའི་འགན་ཁྲི་གཅིག་མཚུངས་ཡོད།

གང་ལྟར་ཡང་དེར་བསམ་བློ་ངེས་ཅན་གཏོང་དགོས་པའི་གནད་དོན་འཕར་མ་གཉིས་ཡོད་པ་རེད། དང་པོ། བཙན་བྱོལ་བོད་གཞུང་གིས་ཕྱི་འབྲེལ་དང་དམངས་ལ་འབྲེལ་ལམ་བྱེད་ཚུལ་དང་། གཉིས་པ། བཙན་བྱོལ་བོད་གཞུང་གི་ནང་ལོགས་ཞིབ་བཤེར་བྱེད་རྒྱུ་དེ་ཡར་རྒྱས་གཏོང་དགོས་པའི་སྐོར་རེད།

ཕྱི་འབྲེལ་དང་དམངས་ལ་འབྲེལ་ལམ། སོ་སོས་སོ་སོར་བཟོས་པའི་རྨ་ཁ།

དུས་ཚོད་འདི་འདྲའི་སྐབས་སུ་སེམས་ཚོར་གྱི་དབང་དུ་འགྲོ་ལས་སླ་པོ་རེད། བསྒྲུབ་བྱའི་ཕྱོགས་ནས་བལྟས་ན་གཤམ་གྱི་གནས་ཚུལ་དེ་དག་གསལ་བོ་རེད།

དོན་དངོས་ནི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང་གལ་ཆེན་གྲོས་ཚོགས་མི་སྣ་ཁོང་གིས་ཚབས་ཆེན་གྱི་ཉེས་འཛུགས་བྱས་ཡོད། ཨ་རིའི་གཞུང་གིས་བོད་ཀྱི་འཐབ་རྩོད་ཆེད་གལ་ཆེན་གྱི་གནས་བབ་ཤིག་ཡོད་པ་ཤེས་གསལ་ལྟར་། གྲོས་ཚོགས་ཀྱི་ཚོགས་མིའི་སེམས་ཚབ་གནང་བ་དེ་གལ་ཆེན་པོ་བརྩི་བ་དང་གུས་ཞབས་ལྡན་པའི་ཐོག་ནས་དང་ལེན་བྱེད་དགོས་པ་དེ་རེད། (རོ་བྷ་ཅེར་གྱིས་དོགས་གཞི་ཅན་གྱི་ “གཡོ་བྱུས་” དེས་ཨ་རིའི་གྲོས་ཚོགས་ཀྱི་བོད་ཆེད་རྒྱབ་སྐྱོར་བྱེད་རྒྱུར་འཇིག་ཉེན་བྱུང་ངེས་རེད་ཅེས་ཉེན་བརྡ་བཏང་བ་དེ་ཡང་དྲན་གསོ་བྱས་ན་སེམས།)

སྐུ་ཞབས་རོ་བྷ་ཅེར་ཞུ་བ་དེ་སུ་རེད་དམ། ཁོང་ནི་ལོ་མང་རིང་བོད་དོན་རྒྱབ་སྐྱོར་བ་ལྷག་བསམ་གཡོ་བ་མེད་པ་ཡོད་མཁན་ཞིག་དང་། ཁོང་ནི་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་ཀྱི་ཇུས་སྟོན་ཚོགས་ཆུང་དེ་གསར་འཛུགས་བྱེད་མཁན་གྲས་ཞིག་ཡིན་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་ཐོག་བྱེད་སྟངས་འགྲིག་མིན་ལ་རྟེན་པེ་ཅིང་གི་རྒྱལ་སྤྱིའི་ཨོ་ལིཡོམ་པིག་རྩེད་འགྲན་ནས་ཕྱིར་འཐེན་དགོས་པའི་དགོས་འདུན་སྟོན་གནང་ཡོད། ཁོང་ནི་ད་དུང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཡན་ལག་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ཡང་རེད། དབང་ཤུགས་ལྡན་པའི་ཡན་ལག་ཚོགས་ཆུང་འདིས་ཕྱི་འབྲེལ་དང་འབྲེལ་བའི་ནོར་འཁྲུལ་ཅན་གྱི་གནད་དོན་ཐོག་རྒྱུས་སྟོན་བྱེད་ཀྱི་ཡོད། མདོར་ན་སྐུ་ཞབས་རོ་བྷ་ཅེར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནད་དོན་ཐོག་ལ་བལྟ་རྟོགས་བྱེད་རྒྱུར་ཁྲིམས་མཐུན་གྱི་ཐོབ་ཐང་དང་འགན་ཁྲི་ཡོད་པ་ཞིག་རེད།

ངེས་པར་དུ་མཁྱེན་དགོས་པ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་གཞུང་གིས་བཙུགས་པ་ཞིག་དང་དེའི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་ཁྲལ་སྤྲོད་མཁན་རྣམས་ཀྱི་རེད། འདི་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དགོས་འདུན་ཧ་ཅང་ལམ་ལྷོང་བྱུང་བའི་བདེན་དཔང་ཞིག་སྟེ་བོད་མི་མང་པོ་ཞིག་གིས་རླུང་འཕྲིན་ཁང་ལ་དགའ་མོས་ཡོད་པ་དང་ད་དུང་འདི་ནི་བོད་མིའི་ཚོགས་སྡེ་ཞིག་ཡིན་པ་ལྟ་བུ་ཡང་ཚོར་གྱི་ཡོད། འོན་ཀྱང་ང་ཚོས་དྲན་དགོས་པ་ཞིག་ལ་དེའི་བདག་དབང་དང་སྟངས་འཛིན་ཨ་རིའི་གཞུང་དང་ཨ་རིའི་ཁྲལ་སྤྲོད་མཁན་རྣམས་ལ་ཡོད།

སྐུ་ཞབས་རོ་བྷ་ཅེར་གྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཏང་བའི་ཡི་གེ་དེ་ལས་ཏོག་ཙམ་སྙན་པ་བཟོ་ཐུབ་བམ། ཡིན་དང་ཡིན། དོན་དངོས་ཐོག་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁོང་གི་ཐ་སྙད་དམ་སྐད་ཡིག་དེ་ “ནག་པོ་བཟོ་ཐབས་དང་གྲོས་ཚོགས་ཀྱི་ལམ་ལུགས་དང་མི་མཐུན་པ་” ལ་ངོས་འཛིན་བྱས་ཡོད། གང་ལྟར་ཡང་སྐུ་ཞབས་རོ་བྷ་ཅེར་ནི་སྐད་ཆ་ཁ་ཐུག་བཤད་མཁན་ཡིན་པ་ཚང་མས་ཤེས་ཀྱི་ཡོད། (ཕྱི་ལོ་ ༢༠༡༡ ནང་ཁོང་གིས་ཧཱུ་ཅིན་ཐའོ་ལ་ “མི་ངན་དཔུང་ཚོགས་སམ་ཇག་ཚོགས་”ཅེས་བརྗོད་ཡོད།) སྤྱིར་བཏང་ནས་གྲོས་ཚོགས་ཀྱི་ཚོགས་མི་གང་ཞིག་དབང་ཚད་ལྡན་པའི་ཚོགས་ཆུང་གི་ཚོགས་གཙོའི་གོ་གནས་བཟུང་བ་ཞིག་གིས་དྲག་ཤུགས་ཆེན་པོའི་ཐོག་ནས་མི་ལ་དྲི་རྩད་བྱེད་རྒྱུ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་འགྱུར་ཡོད། དཔེར་ན་ཨ་རིའི་གཞུང་གི་དྲུང་ཆེ་། འཛིན་སྐྱོང་གི་འགན་འཛིན་དང་དེ་བཞིན་སྐར་མ་བཞི་ལྡན་གྱི་དམག་དཔོན་རྣམས་ལ་ཡང་དེ་ལྟར་དྲི་རྩད་བྱེད་ཀྱི་ཡོད་པ་རེད། དོན་དངོས་ཤིག་ནི་དབང་ཚད་ལྡན་པའི་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གིས་སྐད་ཆ་བཤད་ཚུལ་འདི་ལ་། སྒེར་གྱི་གནད་དོན་དང་དམའ་འབེབས་བྱས་སོང་སྙམ་འོས་པ་ཞིག་རྩ་བ་ནས་མིན།

དེ་ཚོ་ཚང་མ་སེམས་ལ་བཞག་པའི་ཐོག་བསམ་བློ་བཏང་ན། བཙན་བྱོལ་བོད་གཞུང་གི་ཡ་ལན་དེས་ཡར་རྒྱས་གཏོང་ཐབས་ཡོད་པ་གསལ་པོ་རེད།

སྲིད་སྐྱོང་གི་འཕྲིན་ཡིག

ཟླ་བ་ ༡༡ ཚེས་ ༢༡ ཉིན་སྟེ་སྐུ་ཞབས་རོ་བྷ་ཅེར་གྱི་ཡི་གེ་ཐོན་པའི་ཉིན་གཉིས་རྗེས་སུ་སྲིད་སྐྱོང་མཆོག་ནས་མཚན་རྟགས་མེད་པའི་བསྒྲགས་གཏམ་སྙིང་བསྡུས་ཤིག་སྤེལ་བའི་ནང་ཁོང་གིས་ཉེས་འཛུགས་རྣམས་ “གཞི་རྩ་གཏན་ནས་མེད་པ་” ཞིག་རེད་བརྗོད་ཡོད། ལྷག་པར་དུ་ཁོང་གིས་ “ཕྲན་ནས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལིའུའམ་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐོར་གྱི་ཐེ་བྱུས་ཐོག་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན།” ཅེས་བརྗོད་ཡོད། ཁོང་གིས་ད་དུང་བཙན་བྱོལ་བོད་གཞུང་ནི་ “རྩིས་ཁྲ་གཙང་མ་དང་ཕྱི་གསལ་ནང་གསལ་” ཡིན་ཅེས་བརྗོད་ཡོད།

ང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྐུ་ཞབས་རོ་བྷ་ཅེར་གྱི་ཉེས་འཛུགས་རྣམས་ངོས་ལེན་མེད་པའི་ལན་འདེབས་ཀྱི་མྱུར་ཚད་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ནའང་། སྟབས་མི་ལེགས་པ་ཞིག་ལ་ཁོང་གི་བསྒྲགས་གཏམ་དེས་གནད་དོན་དེ་སེལ་ཐུབ་པའི་ངེས་པ་མེད་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བསྒྲགས་གཏམ་དེ་འདྲ་བ་ནི་རྒྱུན་གཏན་གྱི་གནད་དོན་ཞིག་ཏུ་འགྲེལ་བཤད་རྒྱག་གི་ཡོད། ཁོང་ཚོས་སྲིད་སྐྱོང་བློ་སེང་མཆོག་གི་བསྒྲགས་གཏམ་ནང་གི་སྤྱིར་བཏང་ཁས་ལེན་མི་བྱས་པ་དེ་ནི་ཡ་མཚན་ཡིན་པ་དོ་སྣང་བྱུང་གི་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལས་བྱེད་སྐོར་” གྱི་གནད་དོན་དང་འབྲེལ་བའི་ཐོག་ནས་ལྕམ་ལིའུ་འམ་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་“འབྲེལ་བ་བྱས་པ་” ཟེར་བ་དེ་ཁས་ལེན་བྱས་མེད། འོན་ཀྱང་བསམ་བཞིན་དུ་ཡིན་རུང་མིན་རུང་སྲིད་སྐྱོང་མཆོག་གིས་ལྕམ་ལིའུས་ཚུར་འབྲེལ་བ་བྱས་པ་དང། ལྕམ་ལིའུ་ལ་གནད་དོན་གཞན་དང་འབྲེལ་བའི་ཐོག་ནས་དང་པོ་འབྲེལ་བ་བྱས་པ་དེ་འདྲའི་སྐོར་ལ་གསལ་བཤད་གང་ཡང་གནང་མི་འདུག ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་བྱེད་སྐོར་” གྱི་གནད་དོན་ཞེས་པ་དེས་དོན་གང་ཞིག་སྟོན་པ་ཡང་འགྲེལ་བརྗོད་བྱས་མི་འདུག

སུ་ཞིག་གིས་ཀྱང་འདི་ནི་ཁྲིམས་རྩོད་པའི་དགོས་མེད་ཀྱི་འགྲེལ་བརྗོད་རེད་བསམ་སྲིད་པ་རེད། འོན་ཀྱང་སྤྱི་མཐུན་ཚོགས་པའི་ཚོགས་མི་རོ་བྷ་ཅེར་ལྟ་བུས་སྲིད་འཛིན་ཁི་ལིན་ཀྲོན་གྱིས་ཐེངས་གཅིག་ཁོང་རང་དམ་བཅའ་དང་འགལ་བའི་བྱ་སྤྱོད་ཀྱི་ཉེས་འཛུགས་རྣམས་ལས་ཐར་ཐབས་ཆེད་ “ནི་” ཞེས་པའི་གོ་དོན་གང་རེད་ཞེས་པའི་ཐོག་དག་སྐྱེལ་བྱེད་རྒྱུའི་ཆེད་གཞི་རྩ་བྱས་ཡོད། དེར་རྟེན་སྐུ་ཞབས་རོ་བྷ་ཅེར་གྱིས་འགྲེལ་བརྗོད་བྱས་མེད་པའི་གལ་གནད་ཅན་གྱི་ཐ་སྙད་ “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐོར་”ཅེས་པ་དེར་དོ་སྣང་བྱུང་གི་རེད། (ད་དུང་སྐུ་ཞབས་འཇམ་དབྱངས་ནོར་བུས་ཟླ་བ་ ༡༡ ཚེས་ ༣༠ ཉིན་ཁྱབ་སྒྲགས་བྱས་པའི་ནང་ཨ་རིའི་བོད་ཀྱི་དོན་གཅོད་སྐུ་ཚབ་བློ་བཟང་སྙན་གྲགས་ནས་ “ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐོར་” ཞེས་པའི་ཐ་སྙད་གཅིག་མཚུངས་དེ་བེད་སྤྱད་ཡོད་པ་དོ་སྣང་ཡོང་རྒྱུ་ཡིན་པ་ཉག་གཅིག་ཡིན། གཅིག་བྱས་ན་ཐ་སྙད་འདི་རྐང་བཙུགས་ནས་འདེམས་པ་ཞིག་ཡིན་པ་བསམ་ཚུལ་ཡང་བརྗོད་འདུག) ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་འགྲིག་ཡོད་རུང་མེད་རུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དྲང་པོ་དང་ཁ་གསལ་ཅན་ཞིག་མ་ཡིན་པ་བརྩི་སྲིད་པ་རེད།

(སྤྱི་འཐུས་) ཚོགས་གཙོའི་འཕྲིན་ཡིག

དེ་ནས་ཟླ་བ་ ༡༡ ཚེས་ ༢༣ ཉིན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མངས་སྤྱི་འཐུས་ཀྱི་ཚབ་བྱས་ནས་སྐུ་ཞབས་རོ་བྷ་ཅེར་ལ་ཁོང་རང་གི་ཕྱག་བྲིས་ཤིག་ཕུལ་ཡོད། འདིས་གལ་ཆེན་དོན་ཚན་འགའ་གསལ་སྟོན་བྱས་འདུག འོན་ཀྱང་དེ་ལྟ་བུས་སྐུ་ཞབས་རོ་བྷ་ཅེར་གྱི་ “ནག་པོ་བཟོ་ཐབས་དང་གྲོས་ཚོགས་ཀྱི་ལམ་ལུགས་དང་མི་མཐུན་པ་” ཞེས་པ་ལ་ཁ་གཏད་བྱས་པ་དང། སོ་སོས་དོ་འཁུར་མེད་པའི་ང་རོ་སྒྲོག་པ་དེ་ནི་བློ་ཕམ་པ་ཞིག་རེད། དེའི་ཐོག་ཏུ་འཕྲིན་ཡིག་དེས་མངོན་གསལ་ཅི་ཡང་མེད་པའི་གཞི་རྩའི་ཐོག་སྐུ་ཞབས་རོ་བྷ་ཅེར་གྱི་ཉེས་འཛུགས་རྣམས་ “བསམ་ཚུལ་དང་འཆལ་གཏམ་ཐོག་གཞིར་བྱས་པ་གསལ་པོ་རེད་” ཅེས་བསྒྲགས་འདུག སྐུ་ཞབས་རོ་བྷ་ཅེར་གྱི་ཚོགས་ཆུང་ལ་ཡོངས་གྲགས་མིན་པའི་གནས་ཚུལ་ཡོད་པ་དང། ཨ་རིའི་ཕྱི་འབྲེལ་ནང་གི་ཆེས་ཚོར་བ་རྣོན་པའི་གནད་དོན་ཁག་(དཔེར་ན་།དམག་གི་ཉེན་ཁ། སོ་ཉུལ་དང་འཇིགས་སྐུལ་རིང་ལུགས་)དང་འབྲེལ་འདྲིས་བྱེད་ཀྱི་ཡོད། ཚོགས་གཙོས་སྐུ་ཞབས་རོ་བྷ་ཅེར་གྱི་ཉེས་འཛུགས་རྣམས་ཀྱི་གཞི་རྩ་(ཁོང་གིས་མ་དྲིས་པས་) ཤེས་ཀྱི་མ་རེད་ལ་། ཁོང་ལ་རང་སོ་སོར་ཡིད་བརྟན་བྱ་རུང་བའི་རང་དབང་གི་ཞིབ་འཇུག་བྱེད་རྒྱུར་དུས་ཚོད་འདང་ངེས་ཤིག་ཀྱང་མེད་རེད།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་དུང་ཁོང་གི་འཕྲིན་ཡིག་དེ་ཨ་རིའི་སྲིད་འཛིན་དང་དྲུང་ཆེ་། གྲོས་ཚོགས་གོང་མའི་མང་མོས་དབུ་འཁྲིད་ལ་སོགས་ཆེས་གལ་ཆེན་གྱི་མི་སྣ་རྣམས་ལ་ངོ་བཤུས་བཏང་འདུག ཐག་གཅོད་འདི་ནི་དྲི་རྟགས་ཅན་ཞིག་དང་གནད་དོན་དེ་མུ་མཐུད་ནས་ཆེ་རུ་འགྲོ་སྲིད་པ་རེད། དེ་ལྟ་བས་ན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཁོང་གི་འཕྲིན་ཡིག་དེས་རྙོག་གླེང་འདི་ཞི་འཇམ་བཟོ་རྒྱུའི་དམིགས་ཡུལ་འཛིན་ཡོད་ངེས་། འོན་ཀྱང་དེ་ནི་ཁོང་གིས་འདོད་པའི་མཇུག་འབྲས་ཤིག་ཡིན་རྒྱུ་མ་རེད།

(འདི་ནི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཨ་རིའི་འགོ་འཁྲིད་ཚོ་ལ་སེམས་ཚབས་བཟོ་བའི་འཕྲིན་ཡིག་བཏང་བ་ཐེངས་དང་པོ་དེ་མ་རེད། ཕྱི་ལོ་ ༢༠༡༢ ཟླ་བ་ ༥ ཚེས་ ༨ ཉིན་པུ་ཀྲིན་མཆོག་ཁོང་རང་གི་ “ལོ་རྒྱུས་ཅན་” གྱི་ཨུ་རུ་སུའི་སྲིད་འཛིན་གྱི་འོས་བསྡུ་ཐེངས་གསུམ་པ་དེ་ཐོབ་སྐབས་། ཚོགས་གཙོས་ “ལྷག་བསམ་རྣམ་དག་གི་འཚམས་འདྲི་” དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད། རང་དབང་ཅན་གྱི་བལྟ་ཞིབ་པ་མང་པོས་པུ་ཀྲིན་འོས་བསྡུ་དེ་ལ་སྐྱོན་བརྗོད་བྱས་ཡོད། གང་ལགས་ཤེ་ན་ཁོང་གིས་ཁོང་རང་གི་ཕྱོགས་འགལ་ཚོགས་པའི་ཐོག་ལ་ཚད་ལས་བརྒལ་བའི་ངན་བྱུས་དང་། གསར་འགྱུར་རྒྱུད་ལམ་ལ་འཇིགས་སྐུལ་དང་གཞུང་གིས་བཀའ་ཁྱབ་ཡོད་པའི་དྲག་ཤུགས་བྱས་པ་བཅས་ལ་སྐྱོན་བརྗོད་བྱས་ཡོད།)

བཙན་བྱོལ་གཞུང་ལ་རྩ་ཆེན་གྱི་གོ་སྐབས།

གོང་གི་བཙན་བྱོལ་བོད་གཞུང་གི་ཡ་ལན་ཐོག་ལ་འགྲེལ་བརྗོད་བྱས་པ་རྣམས་གཅིག་བྱས་ན་སྐྱོན་འཛུགས་ལྟ་བུར་སྣང་སྲིད། འོན་ཀྱང་དེ་ཚོ་ནི་བོད་དོན་གྱི་ཆེད་དུ་བཙན་བྱོལ་སྒྲིག་འཛུགས་ནུས་ཅན་ཞིག་དགོས་ཀྱི་ཡོད་པའི་གདེང་ཚོད་ཅིག་གི་ཐོག་ནས་བྱུང་བ་ཞིག་ཡིན་པ་དང། དེར་རྟེན་བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་དོན་ཕན་ཅན་གྱི་བསམ་ཚུལ་སྤྲོད་དགོས་པའི་ལས་འགན་ཡང་ཡོད། དམིགས་ཡུལ་ཞིག་དང་སེམས་ཚོར་ཙམ་མིན་པའི་ལྟ་ཚུལ་ཞིག་བླངས་པར་ང་ཚོས་བཙན་བྱོལ་བོད་གཞུང་གི་འགོ་འཁྲིད་རྣམས་ཀྱིས་ཚབས་ཆེན་གྱི་རྙོག་གླེང་དེར་ཡ་ལན་བྱས་པ་དེ་ལ་ནོར་འཁྲུལ་མཐོང་ངེས་པ་ང་ཚོས་ཡིད་ཆེས་བྱས་། གནས་ཚུལ་བཟང་བ་ཞིག་ལ་ནོར་འཁྲུལ་ཡོད་པ་རྣམས་ཆ་ཚང་བཟོ་བཅོས་བྱེད་ཐུབ་རྒྱུ་ཞིག་རེད།

ཆབ་སྲིད་ཀྱི་རྙོག་གླེང་གང་ཞིག་ལ་གདོང་ལེན་བྱ་རྒྱུའི་བསླབ་བྱ་བཟང་ཤོས་དེ་ནི་ “རྙོག་གླེང་གི་སྔོན་དུ་བསྐྱོད་ཐུབ་པ་བྱེད་རྒྱུ་” དེ་རེད། ད་དབར་དུ་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ནས་སོ་སོ་སྲུང་སྐྱོབ་དང་ཡིད་ཆེས་ཕེར་མི་ཐུབ་པ་འདྲ་བའི་རྣམ་པ་ཐོན་ཡོད། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་ལ་ད་དུང་རྙོག་གླེང་འདིའི་སྔོན་དུ་བསྐྱོད་པ་དང། གདེང་ཚོད་དང་ཚད་ལོངས་པ་། ཕྱི་གསལ་ནང་གསལ་བཅས་སྟོན་ཐུབ་པའི་དུས་ཚོད་ཡོད།

བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རང་ཚོའི་ལས་འགན་དེ་གཞུང་གི་ཐ་དད་ཡན་ལག་ཞིག་དང་འདྲ་བ་ཞིག་གི་ཐོག་གནས་ཀྱི་མེད་པའི་སྐབས་སུ་(དཔེར་ན་། སྲིད་སྐྱོང་གི་བཀའ་ཤག་གི་འོས་མི་རྣམས་དྲི་བ་དྲིས་ལན་དང་གྲོས་བསྡུར་གང་ཡང་མེད་པར་མོས་མཐུན་བྱས་པ་) མང་གཙོ་ཀ་བ་གསུམ་ཅན་གྱི་རྐུབ་སྟེགས་ཀྱི་རྐང་པ་གཅིག་ཁྱར་ཀྱོར་བྱེད་ཀྱི་ཡོད་པ་ལྟ་བུ་རེད་འདུག རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཁོ་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གནད་དོན་ཐོག་རྩོམ་བྲིས་གཉིས་པ་སྤེལ་བའི་ནང་དུ་གསལ་བོར་བརྗོད་ཐབས་བྱས་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་ཉིད་ཀྱི་དེང་རབས་ཅན་གྱི་ཆབ་སྲིད་ཀྱི་ཆུ་ཚད་དེ་གོང་མཐོར་གཏོང་དགོས་ཀྱི་ཡོད་པ་ངས་བསམས་ཀྱི་འདུག འདི་ལྟ་བུའི་དེང་རབས་ཅན་ནི་ཕྱི་ཚུལ་ཁོ་ན་ལ་མང་གཙོའི་རྣམ་པ་ཙམ་པ་མིན་པར་། ད་དུང་མང་གཙོའི་ལྟ་གྲུབ་དང་བསམ་བློ་རྣམས་ལ་དོན་དམ་གྱིས་རྒྱུས་ལོན་དང་བསྟུན་དགོས་པ་ཡིན། ལྷག་པར་དུ་བསམ་ཚུལ་འདྲ་མིན་འདོན་རྒྱུ་དང་སྐྱོན་བརྗོད་རྣམས་ངོས་ལེན་། དེ་དེ་བཞིན་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་བལྟ་ཞིབ་བྱེད་ཐུབ་པའི་སྡིངས་ཆ་སྐྲུན་དགོས། དེ་ཚོའི་རིགས་ནི་མང་གཙོའི་ཁྱད་ཆོས་ངོ་མ་རེད།

“དེང་རབས་ཅན་གྱི་ཆབ་སྲིད་” འདི་ནི་བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་སོ་སོའི་ལས་འགན་འཛིན་སྐྱོང་(བཀའ་ཤག་)གི་ཐོག་ལ་ཞིབ་མོར་བལྟ་འགོ་ཚུགས་པ་ནས་བྱུང་ཐུབ་ངེས་ཡིན། ༸གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་གཞུང་དེ་མང་གཙོའི་གཞི་རྩའི་ལྟ་གྲུབ། དབང་ཚད་སོ་སོར་ཡོད་པ་དང་ལྗིད་མཉམ་སྟངས་འཛིན་གྱི་ཐོག་ནས་མང་གཙོ་ཡོངས་སུ་རྫོགས་པ་ཞིག་གི་ཐོག་ནས་བསྐྱོད་དགོས་པའི་ཐུགས་བློ་ཡོད་པའི་འགྲེལ་བརྗོད་ཡང་ཡང་གནང་ཡོད་པ་ཚང་མས་ཤེས་གསལ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྙོག་གླེང་ལ་མཚོན་ན་། གལ་སྲིད་བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་སྐུ་ཞབས་རོ་བྷ་ཅེར་ལ་ལན་འདེབས་དེ་ཚད་ལོངས་པ་དང། གདེང་འཁེལ་བ། མཐུན་འབྲེལ་གྱི་ཐ་སྙད་བེད་སྤྱད་ནས་འདི་ལྟར་གསུངས་ཡོད་ནཿ

༡༽ བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་ཉེས་སྐྱོན་མེད་པའི་ཚོད་དཔག་ཡིན་པར་དྲན་ཞིང་། སྲིད་སྐྱོང་མཆོག་ལ་ཡིད་ཆེས་གཙང་མ་ཡོད།

༢༽ གསལ་སྟོན་བྱས་པའི་ཚབས་ཆེན་གྱི་ཉེས་འཛུགས་དང་གུས་བཀུར་ལྡན་པའི་རང་བཞིན་གྱི་བྱུང་ཁུངས་ལ་། བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་སྐུ་ཞབས་རོ་བྷ་ཅེར་ལགས་ཀྱི་ཡི་གེའི་ནང་བརྗོད་པ་བཞིན་སོ་སོའི་ཡིད་ཆེས་དེར་རྒྱུ་མཚན་ཞིག་གསལ་སྟོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

༣༽ སྐུ་ཞབས་རོ་བྷ་ཅེར་གྱི་གནས་ཚུལ་ལ་གཞིགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་དོན་འདི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་དགོས་ངེས་ཡོད་ཚེ་འབྲེལ་སྦྱོར་བྱེད་ཆོག་གི་རེད། གལ་སྲིད་ཉེས་འཛུགས་དེ་རྣམས་དངོས་འབྲེལ་ཡིན་ཚེ་། བདེན་པ་ཞིག་ཐོན་ཡོང་རྒྱུ་ཡིན་པ་ལ་སྤྱི་འཐུས་ལྷན་ཚོགས་ལ་ཡིད་ཆེས་ཡོད་།

༤༽ སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་ཚོགས་མི་ཁོང་གིས་བོད་མིའི་རང་དབང་གི་ཆེད་དུ་དུས་ཡུན་རིང་པོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དེ་འདྲའི་ཐབས་ལམ་དེས་བོད་མིའི་མང་གཙོ་གསར་པའི་གནས་ཚད་ཡག་པོ་མཚོན་པར་བྱས་པའི་གདེང་ཚོད་དང་དྲང་བདེན་གྱི་ཆུ་ཚད་དེ་བསྟན་ཐུབ་པར་ངེས། དེའི་ཐོག་ཏུ་ཐབས་ལམ་འདིས་ལག་ལེན་ཏུ་བཀེལ་བར་བྱས་པ་ལ་ཕྱི་གསལ་ནང་གསལ་དགོས་ངེས་ཡིན་པ་ར་སྤྲོད་ཀྱང་བྱས་ཐུབ་ངེས། དོན་དམ་དུ་སྐུ་ཞབས་རོ་བྷ་ཅེར་གྱི་ཚོགས་ཆུང་ལ་ཉན་ཞིབ་དང་བདེན་དཔང་མཁོ་སྤྲོད་ཀྱི་གནད་དོན་འབོད་པར་དབང་ཚད་ཡོད། དོན་རྐྱེན་འདིའི་ནང་དུ་སྐུ་ཞབས་རོ་བྷ་ཅེར་གྱི་ཉེས་འཛུགས་ཀྱི་རྒྱབ་ལྗོངས་སུ་དངོས་བདེན་གང་ཞིག་ཡོད་པ་ཚང་མ་། ཨ་རི་བ་ལས་བོད་མིའི་ཆབ་སྲིད་སྒྲིག་འཛུགས་ཀྱིས་གལ་སྲིད་གནད་དོན་དེ་ཚོ་དང་ཐོག་ནས་གླེང་ཐུབ་པ་ཡིན་ན་རྦད་དེ་བཟང་བ་ཞིག་ཡོད་པར་ངེས།

རྒྱ་ཆེ་ས་ནས་བཤད་ན་བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་ “ཕྱི་གསལ་ནང་གསལ་དང་བལྟ་ཞིབ་ཚོགས་ཆུང་” ཞིག་གསར་འཛུགས་ཐུབ་ངེས་ཤིང་། དེ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་ལ་གཙོ་བོ་ལྟ་ཞིབ་བྱེད་རྒྱུ་དང་ག་དུས་ཡིན་ནའང་ཆ་འཇོག་འོས་པའི་དྲི་བ་འདོན་པ་སོགས་ཀྱི་ལས་འགན་ཡོད་པ་ཞིག་ཡིན། ཚོགས་ཆུང་འདིས་དགོས་ངེས་ཅན་གྱི་སྐབས་སུ་ལས་བྱེད་ཆུང་ཆུང་རིགས་བསྐོ་གཞག་བྱས་ཐུབ་པ་དང། ཉན་ཞིབ་བསྐོངས་ཐུབ་པའི་དབང་ཚད་ཡོད་པ་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཁོངས་ནས་ཡིག་ཆ་གང་ཡང་མཁོ་སྤྲོད་ཞུ་ཆོག་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་རྣམས་ཀྱི་སར་ནས་བདེན་དཔང་ཚིག་ཐོ་བླངས་པར་སྐུལ་མ་བྱས་པ་སོགས་ཀྱི་མཐུན་རྐྱེན་སྦྱར་ཐུབ་ངེས་ཡིན།

ཚོད་དཔག་བྱས་པའི་ཕྱི་གསལ་ནང་གསལ་དང་བལྟ་ཞིབ་ཚོགས་ཆུང་འདིས་སོ་སོའི་ཁེ་ཕན་གྱི་ཆེད་དུ་དབང་འཛིན་བྱེད་མཁན་རྣམས་ལ་དོ་དམ་དགོས་པ་ཡིན། དེའི་ཚོགས་མི་རྣམས་ལས་འགན་མི་འདྲ་བ་ཡོད་པའི་སྤྱི་འཐུས་རྒྱུན་ལས་དང་གཅིག་མཚུངས་མིན་པ་ཞིག་དགོས། ཤེས་གསལ་ལྟར་སྤྱི་འཐུས་རྒྱུན་ལས་ནང་དུ་མེད་པའི་སྤྱི་འཐུས་སུ་འདྲ་ཞིག་ཡིན་རུང་ལོ་གཅིག་གི་ནང་དུ་ཚོགས་འདུ་གཉིས་ཀྱི་རིང་ལ་བཞུགས་ཀྱི་ཡོད་ནའང་། ཕྱི་གསལ་ནང་གསལ་དང་བལྟ་ཞིབ་ཚོགས་ཆུང་ལ་གནས་སྐབས་ཀྱི་ཐོག་ནས་ཚོགས་འདུ་བསྐོངས་ཆོག་པའི་དབང་ཚད་དགོས་ཀྱི་ཡོད།

འདི་ཚོ་ཚང་མས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་བའི་ཐབས་དང་། སྒྲིག་འཛུགས་འདི་བཞིན་ཕྱི་གསལ་ནང་གསལ་དང་དབང་ཚད་སོ་སོར་ཡོད་པའི་མང་གཙོ་ཚད་ལྡན་ཡོང་བར་བྱས་ངེས་པ་ཡིན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་བར་ཛ་དྲག་ཅན་གྱི་གལ་གནད་གཙོ་བོ་དེ་བོད་མིའི་ཁྲིམས་མཐུན་དང་མང་གཙོའི་འབོད་སྒྲ་དེར་དོ་སྣང་གོང་འཕེལ་གཏོང་དགོས་པའི་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་རང་གི་ཉམས་ཞིབ་རྩོམ་ཡིག་ནང་དུཿ

“དོན་དམ་གྱི་བཙན་བྱོལ་བོད་གཞུང་གསོན་གནས་ཐུབ་པ་འདིས་། བོད་ནང་གི་རྒྱ་གཞུང་གི་ཁྲིམས་ཀྱི་བདག་དབང་ལ་དྲི་བ་ཞིག་གཏོང་ངེས་རེད། གལ་སྲིད་བཙན་བོད་གཞུང་རང་ངོས་ནས་གསར་འཛུགས་ཡག་པོ་ཐུབ་ནས་རྒྱལ་སྤྱི་དང་བོད་ནང་ནས་ཆ་འཇོག་ཐོབ་པ་ཡིན་ན། དེ་ནས་འདི་ནི་ཤུགས་ཆེན་པོ་ཞིག་ཆགས་ཀྱི་རེད། གང་ལགས་ཤེ་ན་བོད་ནང་གི་བོད་མི་རྣམས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནི་ཁྲིམས་མཐུན་དང་དོོན་དམ་གྱི་གཞུང་ཅིག་ཡིན་པར་ངོས་འཛིན་ཐུབ་པའི་ནུས་པ་ལྡན་པ་ཞིག་མཐོང་སྲིད་པ་དང་དེར་གུས་ཞེན་ཡང་བྱེད་ཀྱི་རེད།”

དེར་ང་ཚོས་ཁས་ལེན་ཞུ་བཞིན་ཡོད། བོད་ཀྱི་མང་གཙོ་གོང་མཐོར་དང་སྲ་བརྟན་གཏོང་རྒྱུ་ནི་བོད་ཀྱི་འཐབ་རྩོད་ལམ་ལྷོང་གི་ཐོག་ལ་འཛིན་པའི་བྱ་བ་རེ་རེ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། དེ་འདྲ་སོང་ཙང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཡོངས་ལ་དོན་ཕན་ལྡན་པའི་སྒོ་ནས་འབྲེལ་འདྲིས་བྱེད་དགོས་ཀྱི་ཡོད།

ཐུགས་སྣང་། རྩོམ་འདི་དབྱིན་ཡིག་ནས་བསྒྱུར་བ་ཞིག་ཡིན་པས་གལ་སྲིད་དོན་དང་ཐ་སྙད་སོགས་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་གི་མ་རྩོམ་དེར་བརྩི་འཇོག་གནང་རོགས་།