སྤྱི་འཐུས་ཁག་ཅིག་གིས་ཨོ་གླིང་དུ་གཟིགས་སྐོར།

ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག དྲུང་འཕར་ཚེ་རིང་དབང་ཕྱུག

ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ཚེ་རིང་ལྷ་མོ་སོགས་ཀྱིས་ཨོ་སི་ཁྲི་ལི་ཡའི་མངའ་སྡེ་ཁག་ཅིག་དུ་བོད་དོན་ཕྱོགས་སྐྱོད་དང་། ལྷག་པར་རྒྱལ་ས་ཁེམ་ཕེ་རའི་གྲོས་ཚོགས་སོགས་སུ་བོད་དོན་གླེང་མོལ་བྱས་ཡོད་པ་རེད།

sonam_tenpelཨོ་གླིང་སི་ཌི་ནེས་གྲོང་ཁྱེར་དུ་རྒྱ་བོད་ཟུང་འབྲེལ་ཚོགས་ཆེན་ཐོག ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཁག་ཅིག་ལ་ད་ལྟའི་ཕྱོགས་སྐྱོད་འཚམས་གཟིགས་སོགས་གནད་དོན་ཁག་ཅིག་གིོ་ཐད་ལ་བཅར་འདྲི་བྱས་ཡོད། དེང་སང་ཕྱི་རྒྱལ་ཁག་ནས་བོད་ལ་གཉེན་འཕྲད་ལ་འགྲོ་མཁན་མང་པོ་རེད། དེར་བརྟེན་རྒྱ་གཞུང་གིས་ཡང་དེ་དག་ལ་རྒྱལ་ཁབ་གཞན་གང་གི་གཞུང་ཚབ་ཁག་ནས་བྱེད་སྲོལ་མེད་པའི་ཐོངས་མཆན་ཞུ་བའི་སྔ་རྗེས་དང་བོད་དུ་སྐྱོད་སྐབས་བོད་མི་རྣམས་ལ་ཁ་ལ་གཏོང་བ་དང་ཆ་རྐྱེན་དྲ་མིན་འདོན་པ་སོགས་བྱེད་བཞིན་ཡོད་པ་འདིག་དག་གི་ཐད་དབུས་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཚུལ་ག་འདྲ་ཡོད་པ་རེད་ཅེས་དྲིས་པར། ཁོང་གིས། “གནས་ཚུལ་དེ་འདྲ་ཡོད་བདེན་པ་རེད། ཡིན་ནའང་བོད་དུ་གཉེན་འཕྲད་ལ་འགྲོ་དགོས་པ་གལ་ཆེན་ཡིན་སྐོར་ཐད་ལ་༧གོང་ས་མཆོག་གིས་ལམ་སྟོན་བཀའ་དགོངས་ཡོད་བསྡད་པ་ཞིག་རེད། དེའི་ཐད་དབུས་བོད་མིའི་སྒྲོག་འཛུགས་ནས་རང་གཞུང་གི་ལངས་ཕྱོགས་དང་འབྲེལ་བའི་ལམ་སྟོན་ཡོད་པ་རེད། ཡིན་ནའང་རྒྱ་གཞུང་གིས་རྒྱ་ནག་གཞུང་ཚབ་ཁག་ལ་ཆ་རྐྱེན་འདྲ་མིན་འདོན་བཅུག་པ་སོགས་ནི་ཁོ་རང་ཚོའི་ངོས་ནས་ནོར་བ་རེད་ལ་ཆ་རྐྱེན་ངོས་ལེན་དང་དང་ལེན་བྱས་ཏེ་བོད་དུ་ཕྱིན་པ་ནི་ནོར་འཁྲུལ་རེད། ཕྱི་གླིང་རྒྱལ་ཁབ་ཁག་ཏུ་གནས་པའི་བོད་མི་ཚོར་ཆ་མཚོན་ན་རིམ་བཞིན་རྒྱལ་ཁབ་དེ་དག་གི་རང་ཁོངས་མི་སེར་ཆགས་འགྲོ་ཡི་ཡོད་རེད། མི་སེར་ཆགས་སོང་དུས་རྒྱ་གཞུང་དང་སོ་སོ་མི་སེར་ཆགས་ཡུལ་གཉིས་ཐོབ་ཐང་འདྲ་མཉམ་ཡིན་པ་ལས་གཅིག་གིས་གཅིག་ལ་བཙན་ཤེད་ཀྱིས་ཆ་རྐྱེན་འདྲ་མིན་བཏོན་ན་འོས་འཚམས་ཀྱི་ལམ་ལུགས་སྲོལ་མ་རེད། དེ་འདྲ་ཡིན་དུས་དེ་དག་ཕྱི་གླིང་གི་བོད་མི་ཚོས་ཧ་གོ་དོན་གསལ་བྱེད་དགོས་པ་ལས་གཞན་གྱིས་ཅི་ཟེར་གྱི་རྗེས་སུ་འབྲངས་པ་དེ་དག་ནོར་བ་རེད་”ཅེས་གསུངས་སོང་།

གྲོས་ཚོགས་སྐབས་བཅུ་གཉིས་པ་ནས་བཟུང་ཨོ་སི་ཁྲི་ལི་ཡ་དང་ནོའུ་ཛི་ལེན་ཌི་དེ་བཞིན་ཉི་ཧོང་སོགས་ལྷོ་ཤར་ཨེ་ཤེས་ཡའི་ཕྱོགས་ལ་སྤྱི་འཐུས་ཤིག་དགོས་ཀྱི་ཡོད་པའི་སྐོར་ལ་བགྲོ་གླེང་གྲོས་བསྡུར་བྱས་པ་རེད་ལ། རྒྱལ་ཁབ་དེ་དག་ལ་གནས་པའི་བོད་མི་ཚོས་ངོས་ནས་ཀྱང་སྤྱི་འཐུས་དགོས་པའི་ཐད་ལ་རེ་སྐུལ་ཐེངས་མང་ཞུས་པ་རེད། གྲོས་ཚོགས་ཀྱི་ངོས་ནས་ད་ལྟ་རེ་སྐུལ་དེའི་ཐད་ལ་ཐུགས་བསམ་གང་འདྲ་གཏོང་གི་ཡོད་དྲིས་པར། ཐེངས་རྗེས་མའི་གྲོས་ཚོགས་སྐབས་ཤིག་ལ་གཞུང་འབྲེལ་ཁྲིམས་འཆར་ཞིག་ཁྱེར་དགོས་ཀྱི་ཡོད་པ་རེད། དེ་ འགྲོ་ཐུབ་སོང་ན་མང་པོ་ཞིག་གི་རེ་བ་ཡོད་བསྡད་པ་དེ་དག་འགྲུབ་ཐུབ་ཀྱི་རེད་ཅེས་ལན་འདེབས་གནང་སོང་།

ཚོགས་གཞོན་དང་སྤྱི་འཐུས་རྣམ་པ་ད་ཐེངས་ཨོ་གླིང་སི་ཌི་ནེས་གྲོང་ཁྱེར་དབུས་སུ་རྒྱ་བོད་གཉིས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་ལ་གདན་ཞུ་ཞུས་པ་ལྟར་མཉམ་ཞུགས་བྱས་ཡོད་པ་རེད། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་གདན་ཞུ་བྱས་པ་ལྟར་ས་གནས་སས་ཐོག་གི་བོད་མིའི་གནས་སར་ཕེབས་ཏེ་བོད་དང་རྒྱལ་སྤྱིའི་གནད་དོན་སོགས་ཀྱི་ཐད་ལ་དངོས་སྤྲོད་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག། གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་གྲོང་ཁྱེར་སི་ཌི་ནེས་ནས།