རྨོངས་རྟུལ་བ་ཚོ་སྙིང་རེ་རྗེ།

རྩོད་པ་དང་འཇང་དགུན་ཆོས་སོགས་དོན་མེད་དུ་སྨྲ་བའི་སེར་གཟུགས་ཀླད་གསར་བའི་མིང་ཅན་སྐོར་ཞིག་ལ་ཕུལ།

འགྲན་བྲལ་རྣམ་དཔྱོད་སྟོབས་ཀྱིས་ཕྱུག་པའི་རིགས་པའི་དབང་ཕྱུག་ཕྱོགས་གླང་དང་།།

རྩོད་སྒྲུབ་རིགས་པས་ཐར་ལམ་གསལ་མཛད་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས།།
མ་རྟོག་ལོག་རྟོག་ཐེ་ཚོམ་གསལ་བ་དོན་དམ་དངོས་ཀྱི་ལོ་རྒྱུས་ཡིན།།
རིགས་པའི་གནས་ལུགས་དཔྱད་བསྡུར་བྱས་པའང་བདེན་ལུགས་སྟོང་གི་དཔང་པོ་ཡོད།།

ཐལ་ཕྱིར་ཚིག་ཙམ་བརྗོད་པ་དེ་ཡིས་ཐར་ལམ་བསྒྲུབ་ཅེས་སུ་ཡིས་ཟེར།།
རིགས་པའི་ནང་རྒྱུས་ལོན་པའི་ཉམས་ཀྱིས་བརྒལ་བརྟག་དོན་མེད་གང་གིས་སྒྲུབ།།
ཀ་བུམ་གཞིར་བཟུང་གནས་ལུགས་འཚོལ་ཞིབ་ཆོས་ཉིད་རིགས་པ་གང་ལ་འགལ།།
ཡང་དག་རིགས་པའི་རྩོད་སྒྲུབ་ཆོས་ཅན་གསེར་དངུལ་དགོས་སམ་ཀྱེ་མ་བླུན།།

རིགས་ལམ་ཤེས་ན་བུམ་པའི་སྟེང་དུ་ཆོས་ཉིད་གནས་ལུགས་རྙེད་དུ་ཡོད།།
བ་གླང་ནོག་སོགས་མཚན་གཞིར་བཟུང་ཡང་དངོས་གཤིས་འཚོལ་ལ་འགལ་བ་ཅི།།
དཔྱད་བསྡུར་རྩོད་སྒྲུབ་གང་ལ་རུང་བའི་དངོས་ཁམས་ཚུལ་འདིར་རྨོངས་ལ་ལྟོས།།
ཀྱེ་མ་ཀྱེ་མ་སྙིང་རྗེའི་དམིགས་ཡུལ་རང་ལ་སྐོར་དང་འཚམ་ཞིང་རན།།

རྩོད་ནས་གནས་ལུགས་རྙེད་པ་མེད་ན་དཔྱད་ཀྱང་གནས་ལུགས་མི་རྙེད་པས།།
ཁྱེད་ཀྱིས་ཡང་དག་སྤྱི་བོར་བཀུར་བའི་དངོས་ཁམས་རིག་པ་དོན་མེད་ཉིད།།
རྩོད་དང་དཔྱད་དང་བསྡུར་བའི་ཚུལ་འདི་དངོས་གཤིས་སྨྲ་བའི་ཐབས་ཡིན་ན།།
རང་སྨྲས་སྐྱོན་ཚོགས་རང་ལ་བབ་འདི་བླུན་རྨོངས་ལས་ཀྱང་བླུན་རྨོངས་སོ།།

རྩོད་པ་རང་རྒྱལ་གཞན་ཕམ་ཡིན་ན་གོ་རྟོགས་རང་རྙེད་གཞན་སྤྲོད་ཡིན།།
རྣམ་དཔྱོད་རིགས་པའི་དཔྱད་བསྡུར་འདི་ཉིད་ཉོན་མོངས་སློང་བྱེད་ཅི་ཡིན་ཏེ།།
དཔྱོད་ལྡན་རྩོད་སྒྲུབ་རིགས་པའི་གྲུབ་དོན་དངོས་གཤིས་རྟོགས་པ་འདི་ཡིན་ཞིང་།།
གཤིས་ལུགས་ལོག་འཛིན་ཉོན་མོངས་ཡིན་ནོ་ཀྱེ་ཧུད་རྨོངས་པའི་བྲན་གཡོག་ཚོ།།

རྩོད་པ་ཁོ་ནས་རང་རྒྱུད་འདུལ་བ་སུ་དང་གང་གིས་གསུང་མྱོང་མེད།།
རྩོད་སྒྲུབ་བྲལ་བའི་མཉམ་འཇོག་ཁོ་ནས་ནམ་ཡང་དངོས་གཤིས་རྙེད་ཐབས་བྲལ།།
རྩོད་སྒྲུབ་ཟུང་འཇུག་ལས་ལ་ཞུགས་པ་སུ་ཡང་ལམ་ལོག་ཕྱིན་པ་མེད།།
འདི་ལྟར་བསམ་ཚེ་ཀླད་གསར་མིང་ཅན་བླུན་པོའི་ཚུལ་འདིར་སྙིང་རེ་རྗེ།།

རྩོད་པའི་ཤགས་འགྱེད་ཙམ་པོ་བ་འདི་དོན་མེད་ཡིན་པ་ངས་ཀྱང་ཤེས།།
འོན་ཀྱང་སྟོང་ཕྲག་ངུར་སྨྲིག་སྡེ་འདི་ཡོད་ཚད་ཤགས་འགྱེད་ཙམ་མོ་ཞེས།།
སུ་ཡིས་བརྗོད་ནུས་གང་གིས་བདེན་དཔང་ཅི་ཡི་སྒྲུབ་བྱེད་བསྟན་དགོས་སོ།།
དེ་ལྟར་མེད་ཚེ་ལོག་སྨྲའི་དབང་ཕྱུག་ལོག་སྨྲ་ཚར་གཅོད་གླང་ལས་བླུན།།

དེང་སང་ཀླད་གསར་མིང་ལ་དུང་བའི་ཀླད་སྟོང་སྐྱེ་བོ་ཧམ་ཆེན་འགས།།
རང་ལ་མེད་ན་གཞན་ལ་མེད་ཅེས་གླེན་པའི་ཅ་ཅོ་སྒྲོག་པ་འདི།།
བླང་དོར་འབྱེད་ལ་བློ་མིག་ལྡོངས་པའི་སྐྱེ་བོའི་རང་གཤིས་ཡིན་ངེས་ཀྱང་།།
སྲོལ་རྒྱུན་མ་ཤེས་དེང་རབས་མ་ཟིན་སྨྱོ་ཚུལ་སྟོན་པའི་རྣམ་ཐར་རོ།།

༢༠༡༢/༡༢/༣༡ལ་བྲིས།