སྙིང་མིག་གི་གནམ་ལོ་གསར་པ།

འཆི་མེད་བདུད་རྩི་མྱོང་བའི་སྐལ་བཟང་ལས།།
རིམ་པ་གསུམ་གྱི་རྒྱ་ལས་བརྒལ་བ་ཡི།།
དྭངས་མའི་སྙིང་གི་ཐིག་ལེ་སྙན་ངག་གཞུང་།།
དུངས་ཞེན་ཟབ་མོས་འཆང་ན་མི་ལེགས་སམ།།

རང་བྱུང་ལྷན་ཅིག་སྐྱེས་པའི་རྣམ་ཤེས་ནི།།
བག་ཆགས་སྒྱུ་མའི་དབྱིངས་སུ་རིམ་གྱིས་ལྡང་།།
ཕྱི་སྣང་འཇིག་རྟེན་འཁོར་བའི་རྩེད་རྭ་ན།།
སྲོག་རྩོལ་མཆོང་ཞིང་ལྡིང་བ་ཉམས་རེ་དགའ།།

ཐོལ་བྱུང་དྲི་ཟའི་ཉམས་ཀྱི་རྒྱུད་མངས་རེས།།
རང་བབ་གཉུག་མའི་གདངས་ཀྱི་མགུལ་ནས་འཁྱུད།།
ཀློང་བརྡོལ་ངག་གི་འགྱུར་ཁུག་རེ་རེ་ཡིས།།
རྫོགས་ལྡན་བསུ་བའི་འཕྲིན་སྙན་དེང་འདིར་སྒྲོགས།།

སྔར་འདྲིས་མཛའ་ཞིང་བརྩེ་བའི་རང་བྱུང་ངག།
ཟག་མེད་བདེ་ཆེན་མྱོང་བའི་ཚོར་བ་སྟེ།།
སྨྲ་རུ་མེད་པའི་ཉམས་ཀྱི་འཛུམ་མདངས་འདི།།
མི་རྟོག་འོད་གསལ་དབྱིངས་ནས་འགྲོ་ལ་འགྱེད།།

གཡོ་མེད་གཤིས་ཀྱི་བརྗིད་ཆགས་ལྷུན་པོ་ལ།།
གཟུང་འཛིན་རྒོད་པོས་ཚང་མལ་འཆའ་བཞིན་ཏུ།།
མཐའ་དང་ཟད་དུ་མེད་པ་ཤེས་བྱའི་གླིང་།།
མཛེས་དཔྱོད་གཤོག་སྒྲོ་བརྐྱང་ནས་ཕྱོགས་ཀུན་ཉུལ།།

སྨག་རུམ་དཔུང་ཁ་མཐུག་པའི་དུས་ཀྱི་མཐར།།
འཆར་དང་ནུབ་དུ་མེད་པའི་རྣམ་དཔྱོད་ཀྱི།།
འོད་ཀྱི་ཞགས་པ་རིང་མོས་རིགས་མཐུན་འགྲོ།།
ནག་ཕྱོགས་མུན་པའི་གཡུལ་ལས་བསྐྲད་པར་སྨོན།།

གཅན་འཕྲང་རི་ཆུ་སྟོང་གི་ཕར་ཤེད་ན།།
འདོད་ཡོན་ལྟ་བས་མི་ཆོག་རིག་བྱེད་ངག།
མཚོ་འཁྲུངས་ལྷ་ཡི་སྲས་མོས་སྦྱིན་པའི་གཏམ།།
སྐལ་བཟང་བུ་ལ་ཐོས་འཛིན་དཔལ་དུ་བཀྱེ།།

ཕྱོགས་མེད་ཡུལ་ལ་འཕྱོ་བའི་ལྡོམ་བུ་པས།།
སྒྲ་དབྱངས་ལྷ་མོའི་བྱིན་རླབས་མྱོང་བཞིན་དུ།།
མི་འགྱུར་དགའ་བའི་འཛུམ་མདངས་ཉག་མ་རེས།།
ཡིད་འཕྲོག་ངག་གི་སྒྱུ་རྩལ་དེང་འདིར་ངོམ།།༢༠༡༣།༡།༡།༡།༡།༡།