སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པར་རྩིས་སྤྲོད་ཕྱིར་འགྱངས།
ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དུས་དྲན་མཛད་སྒོའི་ཐོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་“ང་ཚོ་ཚང་མས་གལ་ཆེ་ཤོས་བཀའ་ཤག་ལྟ་གྲུབ་གསུམ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་དེ་ཐུགས་ལ་བཞག་ནས་ཚང་མས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་འདུག་”ཅེས་གསུངས་སོང་།
ཟླ་འདིའི་ཚེས་༥ ཉིན་དྷ་སར་བོད་མིའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་དགུ་ཧྲིལ་པོ་འཁོར་བའི་དུས་དྲན་དང་། སྐབས་བཞི་པའི་རྒྱུན་ལས་བསྐོ་བཞག་གི་མཛད་སྒོ་ཞིག་དྷ་ས་སྨན་རྩིས་ཁང་དུ་འཚོགས་ཡོད་ནའང་། རྒྱུན་ལས་བསྐོ་སྟངས་འགྲིག་མིན་གྱི་བསམ་ཚུལ་བྱུང་སྟེ། རྒྱུན་ལས་གསར་པར་རྩིས་སྤྲོད་རྒྱུ་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད།
ཚོགས་གཙོ་སྨན་པ་ཚེ་རིང་ཐག་གཅོད་ཀྱིས་ལྷན་ཚོགས་དེ་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་བྱས་ཏེ། ༢༠༠༤ ཟླ་༡ ཚེས་༥ ཉིན་ལྷན་ཚོགས་གསར་འཛུགས་བྱས་སྐོར་ངོ་སྤྲོད་གནང་བ་དང་། ལྷན་ཚོགས་ལ་དཔལ་འབྱོར་གལ་ཆེན་པོ་ཡིན་པ་དང་། རྒྱུན་ལས་སྐབས་གསུམ་པའི་རྩིས་ལེན་སྐབས། དངུལ་སྒོར་འབུམ་ལྔ་མ་ཟིན་ཙམ་རྩིས་སྤྲོད་རྩིས་ལེན་བྱས་པ་རེད། ད་ལྟ་དངུལ་སྒོར་འབུམ་༢༤ ལྔ་ཁྲི་ལྷག་ཡོད་ལ། ཚོགས་པ་སྲ་བརྟན་ཡོང་ཆེད་རྒྱ་གར་གཞུང་ལ་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་མིང་ཐོག་ནས་དེབ་སྐྱེལ་བྱས་ཡོད་སྐོར་གསུངས་སོང་།
ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་སྐོར་གསུངས་དོན། ལྷན་ཚོགས་དེར་སྔོན་མ་བཀའ་ཤག་ནས་འབུམ་གཉིས་དང་ཕྱེད་ཀ་གནང་རྒྱུ་དེ་ལོ་སྔོན་མ་བཀའ་ཤག་ནས་གནང་མེད་པས། སྨན་པའི་ལྷན་ཚོགས་བློ་ཕམ་བྱུང་སྟེ། གསར་འགོད་གསལ་བསྒྲགས་བྱས་པ་ཡིན། དེ་ལ་བསྟེན་ནས་བཀའ་ཤག་དགོངས་པ་ཚོམས་ཡོད་འདུག་ལ། ཟླ་བ་བཞི་ཙམ་གྱི་རྗེས་ནས་བཀའ་དྲུང་བརྒྱུད་བཀའ་འགུག་གནང་སོང་ལ། ང་ཚོགས་གཙོ་བཅར་སྐབས་དགོངས་སེལ་ཞུས་མེད་ལ། དགོངས་སེལ་ཞུ་དགོས་པ་ཡང་མཐོང་གི་མེད་ཅེས་དང་། དེ་རིང་ནས་ང་ལ་འགན་མེད་པས་ངས་དགོངས་སེལ་ཞུ་རྒྱུ་ཡིན་སྐོར། རྗེས་སུ་གྲོས་ཚོགས་ནས་ནུས་ཤུགས་བཏོན་ཏེ་དངུལ་དེ་སྤྲད་ཡོད་སྐོར་དང་། མ་འོངས་པར་ཡང་གཞུང་ངོས་ནས་མཐུན་རྐྱེན་གནང་རོགས་ཞེས་སོགས་གསོ་རིག་གི་གལ་གནད་དང་། རྒྱུན་འཛིན་དགོས་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ཆེ་མཐོང་དང་། བདག་དབང་སྲུང་སྐྱོབ། གསོ་རིག་དར་སྤེལ་སོགས་གལ་ཆེན་ཡིན་སྐོར་དང་། ལྷན་ཚོགས་དེའི་ངོས་ནས་གསོ་རིག་སྐོར་ལ་རྒྱལ་སྤྱིའི་ཚོགས་འདུ་དང་། ཟབ་སྦྱོང་སོགས་སྤྲད་ཡོད་སྐོར་ངོ་སྤྲོད་གནང་སོང་།
ཉིན་དེའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་གསུང་བཤད་གནང་དོན། བོད་ཀྱི་གསོ་བ་རིག་པ་དེ་བོད་ཀྱི་རིག་གཞུང་གལ་ཆེ་ཤོས་ཤིག་ཆགས་ཡོད་རེད་ལ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་དེའི་ཆེད་དུ་ལོ་དགུ་རིང་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མུ་མཐུད་ཕྱག་ལས་གནང་རོགས་ཞུ་རྒྱུ་དང་། ལྷན་ཚོགས་འདི་གྲོས་ཚོགས་ནང་གྲོས་ཆོད་བཞག་ཡོད་པའི་ཚོགས་པ་ཞིག་ཡིན་པས། གལ་ཆེན་པོ་རེད། ཕྱག་ལས་གནང་སྐབས་ད་ལྟ་བཞིན་མུ་མཐུད་ཕྱི་གསལ་གནང་གསལ་གནང་རྒྱུ་གལ་ཆེན་པོ་རེད། དེང་སྐབས་སྤྱི་ཚོགས་ནང་བོད་ཀྱི་གསོ་བ་རིག་པའི་མིང་ཁྱེར་ནས་གསོ་རིག་ལ་མཚན་ཤས་འགྲོ་བ་དེ་འདྲ་ཡོང་སྲིད་པས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་སྟངས་འཛིན་གནང་རྒྱུ་གལ་ཆེན་པོ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མཐུན་རྐྱེན་སྦྱོར་དགོས་པ་ཁག་བཀའ་ཤག་ལ་སྙན་སེང་ཞུས་ཏེ་གང་ཐུབ་བྱེད་རྒྱུ་ཡིན། དེ་བཞིན་ང་ཚོ་ཚང་མས་གལ་ཆེ་ཤོས་བཀའ་ཤག་ལྟ་གྲུབ་གསུམ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་དེ་ཐུགས་ལ་བཞག་ནས་ཚང་མས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་འདུག་ཅེས་གསུངས་སོང་།