རྒྱ་གར་བྷེང་ལོར་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ།

ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀརྣ་ཌ་ཀའི་མངའ་སྡེའི་རྒྱལ་ས་བྷེང་ལོར་གྲོང་ཁྱེར་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཉིན་མཐའ་མ་དེ་སྤེལ་ཡོད་པ་རེད།

དེ་ཡང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་སྣེ་ཁྲིད་འོག་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བྷེང་ལོར་ཁུལ་དུ་ཡོད་པའི་བོད་པ་མཐོ་རིམ་སློབ་མ་དང་། ཚོང་པ། ལས་བྱེད་སོགས་མི་མང་ ༥༠༠ ཙམ་བྷེང་ལོར་དཔའ་བོའི་དྲན་སྟེན་རྡོ་རིང་འགྲམ་ལ་མཉམ་འཛོམས་ཀྱིས་ཀརྣ་ཌ་ཀའི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཉིན་མཐའ་མའི་ལས་རིམ་འགོ་འཛུགས་བྱས་ཡོད་པ་དང་། སྤྱི་འཐུས་རྣམ་པས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས་བོད་དོན་སྤྱི་དང་ད་ལྟའི་བོད་ནང་གི་གནས་བབ་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་དགོས་པའི་ཞུ་སྐུལ་བྱས་ཡོད་འདུག ཉིན་མོ་དེའི་ལས་འགུལ་འགོ་འཛུགས་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་ནི་བོད་ལ་ཐེངས་གཉིས་ཙམ་ཕེབས་མྱོང་བ་དང་། བོད་དོན་ལ་ཐུགས་སྣང་ཆེན་པོ་ཡོད་པའི་ཀརྣ་ཊ་ཀའི་མངའ་སྡེའི་གློག་གི་བློན་ཆེན་གཙོས་པའི་དཔོན་རིགས་གྲངས་བཅུ་ལྷག་ཕེབས་ཡོད་འདུག་པས་མ་ཚད། ཁོང་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་ཀྱང་གནང་ཡོད་འདུག སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་སྐུ་མགྲོན་རྣམས་ཀྱི་གཏམ་བཤད་གཙོ་བོ་གང་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་དོན། “ཁོང་ཚོས་བོད་ཀྱི་གནས་སྟངས་ཤེས་ཀྱི་ཡོད་པ་དང་། བོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ། རྒྱ་གར་དབུས་གཞུང་ཡིན་ནའང་། བོད་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་དགོས་པ་དང་། བློན་ཆེན་ཁོ་རང་གིས་ངོས་ནས་ཡིན་ནའང་ཁོ་རང་དང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཚོར་བོད་དོན་དེ་གྲོས་ཚོགས་ནང་ལ་སྐྱེལ་ཐུབ་པ་དགོས་པའི་འབོད་སྐུལ་རྒྱུན་དུ་ཞུ་བཞིན་ཡོད་ལ། མ་འོངས་པ་ཡང་ཞུ་རྒྱུ་ཡིན་ཞེས་བོད་དོན་ཐོག་ཚོར་བ་ཡོད་པའི་སྒོ་ནས་གསུང་བཤད་གནང་སོང་།” ཞེས་གསུང་སོང་།

ཨ་ཀྲུག་ཚེ་བརྟན་གྱིས་མུ་མཐུད་གསུངས་དོན། “ང་ཚོས་ལས་འགུལ་སྐབས་གཙོ་བོ་ཀརྣ་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་གཙོས་པའི་གྲོས་ཚོགས་ཀྱི་ཚོགས་ཙོ་སོགས་དཔོན་རིགས་ཁག་ལ་ཞུ་སྐུལ་བྱས་ཡོད་པ་རེད། ཁོང་རྣམ་པ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་འདུག་ལ། ད་དུང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་འཕྲིན་ཡང་མང་པོ་འབྱོར་ཡོད་པ་རེད། གསུང་འཕྲིན་དེ་དག་ང་ཚོས་མི་མང་ནང་སྒྲོགས་སྦྱང་བྱེད་ཀྱི་ཡོད་ཅེས་བརྗོད་སོང་།” དེ་ནས་ཆུ་ཚོད་ ༥ པའི་ཐོག་ནས་ཆུ་ཚོད་གཉིས་ཀྱི་ལམ་ཐག་བར་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་འདུག དེ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་ཞུ་སྐུལ་ཀྱི་ལས་འགུལ་འགན་ཁུར་བ་ཕྱོགས་བཞུགས་སྤྱི་འཐུས་རྣམས་ནི་སྤྱི་འཐུས་རྒྱ་རི་པུ་ཕྲུག་ དང་། སྤྱི་འཐུས་བུ་མོ་ཚེ་རིང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་བློ་བཟང་ཡེ་ཤེས། སྤྱི་འཐུས་འཇིགས་མེད་འབྱུང་གནས།  སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་རེད་འདུག་ལ། གཞན་ཡང་ལྷོ་སྤྱི་ཀརྨ་སེང་གེ་དང་ལས་བྱེད་ཐུབ་བསྟན་ཆོས་འཕེལ་གཉིས་ཀྱིས་འགན་མཉམ་ཁུར་བྱས་ཡོད་པ་རེད་འདུག ཀརྣ་ཌ་ཀའི་མངའ་སྡེའི་ནང་ཉིན་ལྔའི་རིང་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་གྲུབ་པ་དང་།  ཧེ་དྷར་བྷད་མངའ་སྡེ་ནང་ཕྱོགས་ཐོན་གྱིས་ལས་འགུལ་སྤེལ་ཀྱི་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་སྐུལ་ལས་འགུལ་ནི་ཕྱི་ཚེས་ ༡ ཉིན་ནས་ཀརྣ་ཊ་ཀའི་མངའ་སྡེའི་རྒྱལ་ས་བྷེང་ལོར་ལྷོ་སྤྱི་ལས་ཁང་ནས་འགོ་འཛུགས་ཀྱིས་ས་གནས་ཀྱི་མངའ་སྡེ་བློན་ཆེན་ Jagadish Shettar གིས་གཙོས་པའི། མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་དག་ལ་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་བྱས་ཡོད་པ་དང་། ཞུ་སྐུལ་སྐབས་སྤྱི་འཐུས་རྣམ་པ་ཀརྣ་ཌ་ཀའི་མངའ་སྡེའི་གྲོགས་ཚོགས་ཀྱི་ཚོགས་གཙོ་དང་མངའ་སྡེ་བློན་ཆེན་སོགས་གཞུང་འབྲེོལ་གྱི་གནད་དོན་མི་སྣ་ཁག་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཀོང་རུ་སུའི་གནད་ཡོད་མི་སྣ་སོགས་ལ་ཡང་ཐུག་འཕྲད་ཞུ་སྐུལ་བྱས་ཏེ། ཞུ་སྐུལ་གྱི་ནང་དོན་བོད་དོན་སྤྱི་དང་། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་བྱས་ཡོད་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱང་སྤེལ་ཡོད་འདུག དེ་བཞིན་ཞུ་སྐུལ་བྱ་ཡུལ་རྒྱ་གར་གནད་ཡོད་མི་སྣ་ཚོས་ཀྱང་བོད་དོན་ལ་ཐུགས་ཁུར་དང་རྒྱ་བསྐྱོར་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་འདུག རྒྱ་གར་ལྷོ་ཕྱོགས་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་དགུ་ནང་བོད་དོན་ཞུ་སྐུལ་ཀྱི་ལས་འགུལ་སྤེལ་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་ ༢༩ ཉིན་གྱི་རྒྱ་གར་གྱི་རྒྱལ་ལྡི་ལིར་མི་མང་མཉམ་འཛོམས་ཀྱི་ལས་འགུལ་འགོ་འཛུགས་མ་བྱས་བར་དུ་ཁོང་རྣམ་པས་ཀེར་ལ་མངའ་སྡེ་དང་། ཀོན་དྡེ་ཅར་མངའ་སྡེ།  ཅེ་ན་ཡ་མངའ་སྡེ་བཅས་སུ་ལས་འགུལ་སྤེལ་རྒྱུ་ཡིན་འདུག །

མེ་སོར་གསར་འགོད་པས།