རྒྱ་གཞུང་གིས་བོད་མི་ཞིག་འཛིན་བཟུང་།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སེང་གེ་གཞུང་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་མིང་ལ་ཡུམ་སྐྱབས་ཞུ་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་ཁ་ཤས་ཕྱིན་པའི་རྗེས། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་རེད་འདུག

དེ་ཡང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་བོད་མི་འཛིན་བཟུང་དང་བཀག་ཉར་བར་མ་ཆད་པར་བྱེད་ཀྱི་ཡོད་པ་ལྟར། དེ་སྔོན་རྨ་ལྷོ་ཁུལ་རེབ་གོང་སེང་གེ་གཞུང་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་མིང་ལ་ཡུམ་སྐྱབས་ཞུ་བ་ཞིག་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས། ཟླ་བ་ཁ་ཤས་ཀྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ན་ཡང་། ཉེ་ཆར་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་རེད་འདུག་ཅེས། ཟླ་འདིའི་ཕྱི་ཚེས་༥ ཉིན་བོད་ནས་འབྲེལ་ཡོད་ཅིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ཁོང་གི་ལག་ཁྱེར་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་དང་། གསུམ་གཅིག་བཞིའི་བོད་མིའི་ཡར་ལངས་དང་འབྲེལ་བའི་འདྲ་པར་ཡོད་པས་ཡིན་སྐོར་དང་། ཡང་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། བོད་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཞིག་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ཡིན་སྐོར་ཡང་འདུག

ཁོང་ད་ལྟ་རང་ལོ་༢༣ ཡིན་ཞིང་བཟའ་ཟླའི་མིང་ལ་རྟ་མགྲིན་སྒྲོལ་མ་དང་། ཕ་མིང་ལ་མཁའ་འགྲོ་ཐར། མ་མིང་ལ་མཚོ་ཁོ་ཟེར་གྱི་ཡོད་པ་རེད་འདུག་ལ། ཁོང་གིས་ནམ་རྒྱུན་ཐང་ཀ་བྲིས་ཏེ་འཚོ་བ་སྐྱེལ་གྱི་ཡོད་འདུག