རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གླེང་བ།

(སྐྱབས་མགོན་༸གོང་མ་བདག་ཁྲི་རིན་ པོ་ཆེ སྤྱི་ལོ་༡༩༩༩ལོར་ཐའེ་ཝན་གྱི་རྒྱལ་བུ་དོན་གྲུབ་ཆོས་ཚོགས་སུ་གསུངས་པ། མཁྱེན་བརྩེ་རིན་པོ་ཆེའི་ཕྱག་དེབ་《མི་ཡུལ་ནི་ཟློས་གར་ཁང་ཞིག་ཡིན་པ། 》ཞེས་པའི་རྒྱ་ཡིག་གི་དེབ་ཀྱི་དབུར་འཁོད)
རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

༸ངོས་རང་མཁྱེན་བརྩེ་རིན་པོ་ཆེའི་ཐའེ་པེའི་ཆོས་ཚོགས་སུ་སླེབས་པར་ཧ་ཅང་དགའ་པོ་བྱུང་། ཐོག་མར་ངོས་ནས་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད། སྤྱིར་ བཏང་ད་ཐེངས་ང་ཐའེ་ཝན་དུ་འཚམས་འདྲིར་ཡོང་བ་ཐོག་མ་རེད། ཡིན་ན་ཡང་ངོས་ནས་ཐའེ་ཝན་གྱི་གྲོགས་པོ་དང་སློབ་མ་དག་བརྒྱུད་ནས་སྔ་མོ་ནས་ས་ཆ་ འདིའི་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ནི་དད་པ་རྩེ་གཅིག་ཏུ་བརྟན་པ་དང་། བྱམས་བརྩེས་ཐུགས་རྒྱུད་གཏམས་ཤིང་། སྤྱིན་གཏོང་ལ་དགའ་བ་བཅས་ཡིན་པ་ཐོས་མྱོང་། སངས་རྒྱས་དང་ཆོས་ལ་དད་འདུན་བརྟན་པོ་ཡོད་པའི་ཉེར་ལེན་དེས་ང་ཚོ་ཕན་ཚུན་ ངོ་ཤེས་ཤིང་མཛའ་བཤེས་སུ་གྱུར། དེའི་ཕྱིར། དུས་ཚོད་དང་ས་ཆ་སོགས་ཀྱིས་བསྐལ་མིན་ལ་མ་ལྟོས་པར་ང་ཚོ་མཉམ་དུ་འཛོམས་པ་རེད།

ང་ ཚོ་མི་ཞིག་ཡིན་པའི་ཆ་ནས་སོ་སོ་ལ་འཚོ་བའི་ཐོག་གི་དགོས་འདུན་ཧ་ཅང་མང་པོ་ཞིག་ ཡོད་ངེས་ཡིན་ན་ཡང་། མི་ཚེ་འདི་དང་། ཡང་ན་འབྱུང་འགྱུར་གྱི་ཆེད་ཧ་ཅང་གལ་ཆེ་བ་ནི་ནང་སེམས་ཐོག་གི་ཉམས་ལེན་རེད། ནང་ཆོས་ཀྱིས་ང་ཚོ་ལ་ཞི་འཇགས་བག་ལྷོད་ཀྱི་སེམས་ཁམས་དང་། དཀའ་ངལ་ལ་གདོང་ལེན་བྱེད་པར་ནུས་ཤུགས་ལྡན་པའི་བསམ་བློ་ཞིག་སྤྲོད་ཐུབ། འོན་ ཀྱང་། འཚོ་བ་བདེ་འཇགས་དང་ལམ་འགྲོ་ཡོད་པའི་སྐབས་སུ་ང་ཚོའི་རྟག་པར་ནང་ཆོས་ལ་ཉམས་ མཇོག་དེ་ཙམ་བྱེད་ཀྱི་མེད། རྟག་པར་ལམ་འགྲོ་རྒྱུག་པོ་མེད་པའི་གནས་སྟངས་ལ་གདོང་ལེན་བྱེད་དགོས་ཁེལ་བའི་ སྐབས་སུ་གཞི་ནས་ནང་ཆོས་ཉམས་ལེན་དྲན་གྱི་ཡོད། དངོས་གནས་བྱས་ན། གལ་ཆེ་ཤོས་ནི། འཚོ་བ་རྒྱུན་ལྡན་དང་ལམ་འགྲོ་ཡོད་པ། བདེ་ཐང་བཅས་ཡིན་པའི་སྐབས་སུ་ལམ་སང་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་གྱི་མགོ་ འཛུགས་དགོས།
གལ་ཏེ་ནང་ཆོས་ལ་ཉམས་ལེན་བྱ་དགོས་པ་ཡིན་ན། ཐོག་མར་མཚན་ཉིད་ལྡན་པའི་བསམ་བློའི་ལམ་སྟོན་མཁན་ཞིག་ཡོད་རྒྱུ་དེ་ཧ་ཅང་གལ་ཆེ། རྒྱུ་མཚན་ནི་དེ་འདྲ་དེས་འབྱུང་འགྱུར་ཁྱེད་ཉིད་ནང་བསམ་བློའི་ཉམས་ལེན་གྱི་ལམ་ དུ་འཁྲིད་པར་བྱེད་པ་ཡིན། བཀའ་དང་བསྟན་བཅོས་ཧ་ཅང་མང་པོའི་ནང་ན་དགེ་བའི་ལམ་མཁན་ཡང་དག་པ་ཞིག་ལ་ཚང་དགོས་ངེས་ཀྱི་ཆ་རྐྱེན་དང་ཚད་གཞི་དག་བཤད་ཡོད།
དཔལ་ ལྡན་ས་སྐྱ་པའི་བརྒྱུད་པའི་ཕྱག་ལེན་ལ་ཡང་། གཞན་ལ་བཀའ་ཆོས་གནང་མཁན་ཞིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་བཞིའི་ནང་ནས་གཅིག་ ནི་བླ་མ་རེད། ང་ཚོར་ངེས་པར་དུ་ཡང་དག་པའི་བསམ་བློའི་སློབ་སྟོན་མཁན་གྱི་བླ་མ་ཞིག་ངེས་པར་ དུ་ཡོད་དགོས།

འདིར་ཡོད་པ་ཚང་མ་ཧ་ཅང་ལམ་འགྲོ་ཆེན་པོ་བྱུང་ཡོད། གང་རེད་ཅེ་ན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཁོང་ལྟ་བུ་ཞིག་ཁྱེད་ཚོའི་བསམ་བློའི་ལམ་མཁན་ དུ་ཐོབ་པ་རེད། རྫོང་སར་རིན་པོ་ཆེ་སྐུ་འདི་པ་ཧ་ཅང་ཁྱད་དུ་འཕགས་པའི་དགེ་རྒན་ཞིག་ཡིན་པ་ཙམ་མ་ ཟད། ལོ་རྒྱུས་ཐོག་གི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཕྲེང་སྔ་མ་གཉིས་ཀྱང་། བོད་ཡོངས་རྫོགས་ཀྱི་ངོས་ནས་བཤད་ན་ཡང་འགྲན་པའི་ཟླ་དང་བྲལ་བའི་སྐྱེས་ཆེན་རེད། སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་འཕགས་པ་འཇམ་དཔལ་གྱི་ རྣམ་སྤྲུལ་རེད། ཁོང་ནི་གཏིང་ཟབ་པའི་མཁྱེན་རབ་དང་ལྡན་པ་ཙམ་དུ་མ་ཟད། རྨད་དུ་བྱུང་བའི་རྟོགས་པ་བརྙེས་པ་ཞིག་ཀྱང་རེད།
ཁོང་ཉིད་ཧ་ཅང་རླབས་ཆེན་ གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ང་ཚོས་ཇི་ལྟར་ཤེས་སྙམ་ན། ཁོང་གི་སྐུ་ཚེ་གཅིག་ལ་གསུང་རྩོམ་པོད་ཏི་ག་ཚད་ཅིག་བྲིས་པ་དང་། གཞུང་ལུགས་ག་ཚད་ཅིག་ལ་ཟབ་འགྲེལ་གནང་བ། དགོན་པ་ག་ཚད་ཅིག་ཕྱག་བཏབ་མཛད་པ། བཤད་གྲྭ་དང་སྒྲུབ་གྲྭ་ག་ཚད་གཅིག་གསར་བཞེངས་གནང་བ་སོགས་ཀྱི་བསྟན་འགྲོའི་དོན་ མཛད་པའི་མཛད་འཕྲིན་འདི་དག་གི་ཐོག་ནས་དཔོགས་ཐུབ། ཁྱད་པར་དུ་དུས་སྐབས་དེའི་བོད་ཡུལ་གྱི་གནས་སྟངས་གཞིར་བཞག་གིས་བཤད་ན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་ཚང་མ་གམ་དུ་གཅར་ནས་བྱིན་རླབས་དང་། དབང་བསྐུར། གདམས་ངག་བཅས་ཞུས་ཤིང་། བླ་མ་གཅིག་ལ་དུས་ཐོག་གཅིག་ཏུ་ཆོས་བརྒྱུད་ཆེན་པོ་བཞིའི་བརྒྱུད་པ་ཆ་ཚང་བར་ བཞུགས་པ་ནི་ཁོང་ཙམ་ལས་ཤིན་ཏུ་དཀོན།

བོད་ལ་དེང་སྐབས་ཆོས་བརྒྱུད་གཙོ་ཆེ་ ཤོས་བཞི་ཡོད། སྤྱིར་བཏང་ཆོས་བརྒྱུད་དེ་དག་ཅུང་མི་འདྲ། ཡིན་ན་ཡང་། ཆེས་ཐོག་མར་མགོ་འཛུགས་སའི་ལྟ་བ་ནས། བར་དུ་བསྒོམ་པ། ཐ་མ་འབྲས་བུ་བཅས་ཀྱི་ཐད་བར་སྐབས་ཀྱི་བརྒྱུད་པ་མི་འདྲ་བ་ཙམ་ལས་རྩ་བའི་ཆ་ནས་ གཅིག་པ་རེད། དེ་ནི་དཔེར་ན། ཐོག་མར་རྒྱ་གར་གྱི་སློབ་དཔོན་ཆེ་གེ་མོ་ཞིག་གིས་ཐོག་མར་སྤེལ་བ་བོད་ཀྱི་ལོ་ ཙཱ་བ་དག་གིས་བསྒྱུར་ནས་དར་རྒྱས་སུ་བྱས་ཐོག་དུས་རབས་ནས་དུས་རབས་སུ་བརྒྱུད་ ནས་ཡོང་བ་ཙམ་རེད།

སྤྱིར་བཏང་མི་ཚོ་བརྒྱུད་པ་གང་ཡང་རུང་བ་ཞིག་ལ་བརྟེན་ ནས་ཆོས་སྒོར་ཞུགས་རྗེས་དེ་ཉིད་གཞིར་གཟུང་གིས་ཐོས་བསམ་དང་འཆད་ཉན་བྱེད་ཀྱིན་ ཡོད། ཡིན་ན་ཡང་། དེ་ལྟར་མི་འདྲ་བའི་བརྒྱུད་པ་ཁག་གི་བཤེས་གཉེན་དག་གིས་ཀྱང་རྫོང་སར་འཇམ་དབྱངས་ མཁྱེན་བརྩེ་མཆོག་ལ་གཅིག་མཚུངས་ཀྱིས་དད་བཀུར་ཞུ་ཞིང་། དད་བཀུར་ཞུ་སྟངས་ཀྱང་རང་ཉིད་ཀྱི་ཐུན་མོང་མིན་པའི་ཆོས་བརྒྱུད་ཀྱི་རྩ་བའི་བླ་ མར་དད་བཀུར་ཞུ་སྟངས་དང་གཅིག་པ་ཁོ་ན་ཡིན་པར་མ་ཟད། ཁོང་གི་མདུན་ནས་དང་ལུང་ཁྲིད་གསུམ་དང་བྱིན་རླབས་ཞུ་གིན་ཡོད།
དེ་བཞིན་ སྐུ་ཕྲེང་གཉིས་པ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱང་ཧ་ཅང་རླབས་ཆེན་རེད། ཁོང་ཉིད་དགུང་ལོ་ཆུང་ཆུང་གི་སྐབས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་ སྲིད་དུ་ངོས་འཛིན་ཞུས། སྐབས་དེར་ཁོང་ལ་སྤྱིར་བཏང་གི་ཁྱེའུ་ཞིག་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ རྟགས་མང་པོ་མངོན་པར་མ་ཟད། དགུང་ལོ་ཧ་ཅང་ཆུང་ངུའི་སྐབས་ནས་ཀྱང་ཟབ་དོན་ཐོགས་མེད་དུ་འཆད་པར་བྱེད། ཁོང་གིས་སྐུ་ཕྲེང་གོང་མའི་ཕྲིན་ལས་ཀྱི་རྒྱུན་འཛིན་པར་མཛད་ཅིང་། ཐོས་བསམ་སྒོམ་གསུམ་དང་། འཆད་ཁྲིད། སློབ་སྟོན་སོགས་ཀྱི་མཛད་པ་ལ་བརྟེན་ནས་བསྟན་པ་སྤེལ། དེའི་ཕྱིར་ཁོང་ནི་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་ཞིག་སྟེ། དུས་རབས་དེར་ཁོང་ལས་ལྷག་པ་ཞིག་མ་བྱུང་བ་ལྟ་བུ་ཡིན།

ངོས་ཐོག་མར་ལྔ་བཅུ་ང་གྲངས་ནང་ཐོག་མར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་མཇལ་ ཞིང་། མཇལ་ས་ནི་སྐབས་དེའི་ལྷ་ས་རེད། རིན་པོ་ཆེ་ཡང་ཐེངས་དང་པོར་ལྷ་སར་ཕེབས་པ་རེད། ངས་ཁོང་གི་ཐད་ནས་བཀའ་ཆོས་ཧ་ཅང་མང་པོ་ཞུ་རྒྱུའི་གོ་སྐབས་བྱུང་། ཐོག་མར་ངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུའི་རྣམ་པ་མཇལ་བ་ཙམ་ནས་ཁོང་ ནི་བླ་མ་གཞན་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་། དེ་རྗེས་ངོས་ལྷ་ས་ནས་ས་སྐྱར་ལོགས་ཤིང་། རིན་པོ་ཆེ་ཡང་ལྷ་ས་དང་ཞལ་གྱེས་ཏེ་ལྷོ་ཁ་ཕྱོགས་སུ་གནས་སྐོར་ལ་ཕེབས། དེ་རྗེས་རིན་པོ་ཆེ་རིམ་གྱིས་ས་སྐྱར་ཕེབས་ཤིང་། གཞུགས་ས་ནི་ངའི་བླ་བྲང་གི་ནང་ལ་གནང་། སྐབས་དེར་ངོས་ལ་ཡང་བསྐྱར་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞུ་ རྒྱུའི་གོ་སྐབས་ཐོབ།
མི་སུ་འདྲ་ཞིག་གིས་ཁོང་མཇལ་བ་ཡིན་ན་ཡང་རང་བཞིན་ ཤུགས་ཀྱིས་དད་པ་སྐྱེ་བར་འགྱུར་ཞིང་། གལ་ཏེ། ཕ་རོལ་པོ་ནི་ནང་ཆོས་ལ་མི་དད་པ་ཞིག་གམ། རྒྱུན་ལྡན་ཆོས་ལ་ཉམས་ལེན་མི་བྱེད་མཁན། ཡང་ན་ཡིད་ཆེས་དེ་ཙམ་མེད་པ་ཞིག་ཡིན་ན་ཡང་། རིན་པོ་ཆེ་མཇལ་བ་དང་སེམས་ཀྱི་གཏིང་ནས་དད་གུས་ཀྱིས་སེམས་འགུལ་ཐེབས་པར་བྱེད་ ཅིང་སྣང་བ་འགྱུར་བའི་ཚོར་སྣང་ཡོང་གིན་ཡོད། འདིའི་ཐོག་ནས་ཁོང་ནི་དངོས་གནས་དྲང་གནས་ཀྱི་བླ་མ་མཚན་ལྡན་ཞིག་དང་། བྱང་སེམས་ལམ་གྱི་རྟོགས་པ་མཐོན་པོར་གནས་པ་ཞིག་བཅས་ཡིན་པ་གསལ་བཤད་བྱེད་ཀྱིན་ ཡོད། དེ་ནི་ཁོང་གི་ནང་གི་རྟོགས་པའི་སྣང་བརྙན་ཕྱིར་ཤར་བ་ལས་རང་བཞིན་ཤུགས་ཀྱིས་ སྐྱེ་བོ་རྣམས་ལ་སེམས་འགུལ་ཐེབས་སུ་བཅུགས་པའི་རྣམ་པ་རེད།

སྤྱི་ལོ་༡༩༥༩ ལོར་ངོས་བོད་དང་ཁ་བྲལ་ཞིང་། ཡང་བསྐྱར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་ཞལ་མཇལ། སྐབས་དེ་ཙམ་ནས་རིན་པོ་ཆེའི་སྐུ་སྙུང་ཚུལ་བསྟན། ང་ཚོས་སྐུ་རིམ་དང་ཞབས་བརྟན་མང་པོ་བསྒྲུབས་ནས་ཁོང་ཉིད་སྐུ་ཚེ་བརྟན་པའི་གསོལ་ འདེབས་བྱས་པ་ཡིན་མོད། འོན་ཀྱང་ལོ་དེའི་དབྱར་ངོས་རིན་པོ་ཆེ་ཞི་བར་གཤེགས་པ་རེད།
སྐུ་ཞི་བའི་ དབྱིངས་ལ་སྙོམས་པར་ཞུགས་པའི་སྐབས་དེར་ང་ཚོས་ཁོང་གི་ཐུགས་དམ་ལ་སུན་གཙེར་མི་ ཡོང་བའི་ཆེད་སྐུ་གཤེགས་པའི་གནས་ཚུལ་ལམ་སང་ཕྱིར་བསྒྲགས་མ་བྱས་པར་ཉིན་དུ་མར་ མུ་མཐུད་གསང་རྒྱ་བྱས། སྐབས་དེའི་མཚན་མོ་ཞིག་ལ། ཉི་མ་ནུབ་རིར་ཡོལ་ཟིན་པའི་མཁའ་དབྱིངས་ནས་བཀྲག་མདངས་ཧ་ཅང་ཆེ་བའི་སྤྲིན་པ་ ཞིག་གློ་བུར་དུ་མངོན། གནས་ཚུལ་དེ་ངས་ཧ་ཅང་གསལ་པོར་དྲན་སོས་ཀྱིན་འདུག སྤྱིར་བཏང་མཁའ་དབྱིངས་ཀྱི་ཉིན་མོའི་འོད་སྣང་རིམ་གྱིས་མེད་པར་གྱུར་ནས་མཚན་ མོ་ཆགས་ཟིན་ན་ཡང་། སྤྲིན་པ་དེ་ལས་དང་ཐོག་འོད་སྣང་ཕྲ་མོ་ཞིག་འཕྲོས་པ་ནས་མཐར་ཡོངས་སུ་སྤྲིན་པ་ ཧྲིལ་པོ་ལས་འོད་སྣང་ཆེན་པོ་སྤྲོས་བྱུང་། སྤྲིན་པ་ལས་བྱུང་བའི་འོད་སྣང་དེ་དངོས་གནས་ཧ་ཅང་གསལ་པོ་འདུག་པས་ང་ཚོ་ཚང་མས་ གློག་སྒྲོན་གསད་པ་ཡིན། དེ་མིན་ས་གཡོ་བ་དང་། གནམ་ལ་འཇའ་ཚོན་ཤར་བ་ལ་སོགས་པའི་རྟགས་མཚན་གཞན་ཡང་མང་པོ་བྱུང་། འདི་དག་ནི་ང་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཇལ་བའི་སྐོར་གྱི་གནས་ཚུལ་རེད།
ང་ཚོས་རང་ཉིད་ཀྱི་རྩ་བའི་བླ་མར་དད་མོས་རྩེ་གཅིག་ཏུ་སྐྱེ་བའི་ཆེད། རྩ་བའི་བླ་མའི་རྣམ་ཐར་ལ་ཞིབ་འཇུག་དང་ལྟ་ཀློག་བྱེད་པ་ནི་ཧ་ཅང་གལ་ཆེན་རེད། བླ་མའི་རྣམ་ཐར་ལ་ལྟ་ཀློག་བྱས་ན་ང་ཚོར་སེམས་ཤུགས་སྦྱིན་པར་བྱེད་ཅིང་། ང་ཚོ་ནང་ཆོས་ཉམས་ལེན་གྱི་ལམ་བུར་བསྐྱོད་པར་རོགས་ཕན་ཆེན་པོ་ཡོད།

མཁྱེན་ བརྩེ་རིན་པོ་ཆེ་སྐུ་ཕྲེང་སྔ་མའི་རྣམ་ཐར་ནི་ཧ་ཅང་ཡིད་འཕྲོག་པོ་ཡོད། རིན་པོ་ཆེ་ཉམས་ལེན་གྱི་ཐུན་ལ་བཞུགས་པའི་སྐབས་སྔོན་བྱོན་གྱི་བླ་མ་གོང་མ་ རྣམས་དང་། ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་མི་དང་མི་ལབ་པ་བཞིན་ཁོང་གི་མདུན་ལ་སྣང་གིན་ཡོད་ ཅིང་། ཞལ་གཟིགས་པ་ཙམ་མིན་པར་ལྷ་དང་བླ་མ་དེ་དག་གི་མདུན་ནས་དབང་དང་གདམས་ངག་ཀྱང་ཐད་ ཀར་ཞུ་ཐུབ་ཀྱིན་ཡོད།
དམ་པ་ཁོང་ཡང་། ཐོག་མར་སྤྱིར་བཏང་གི་སྐྱེ་བོ་ཞིག་ཡིན་པ་ནས་སྐུའི་ཕྲེང་བ་ཀུན་ཏུ་བརྩོན་པ་ ཆེན་པོས་ཉམས་ལེན་གནང་བའི་དབང་གིས་མཐར་དེ་ལྟར་ཁྱད་པར་གྱི་གོ་འཕང་བརྙེས་པ་ བཞིན། གལ་ཏེ། སོ་སོའི་འབད་བརྩོན་གྱིས་ལྕོག་ན་ང་ཚོ་ཡང་ཁོང་ལྟ་བུ་ཞིག་ཏུ་འགྱུར་མི་ཐུབ་པའི་ རྒྱུ་མཚན་གཏན་ནས་མེད། གང་རེད་ཅེ་ན། ང་ཚོ་ཡང་བླ་མེད་བྱང་ཆུབ་ཐོབ་པའི་རིགས་ཀྱི་ས་བོན་ཕུན་སུམ་ཚོགས་པ་སྟེ། སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་ཁར། རླབས་ཆེན་གྱི་དམ་པ་ཁོང་གི་དངོས་དང་བརྒྱུད་པའི་ཉམས་ལེན་གྱི་གདམས་ངག་ཐོབ་པར་ མ་ཟད། ཁོང་རྣམ་པས་གང་ཞིག་ཉམས་སུ་བླངས་པའི་ཆོས་དེར་ཐུན་མོང་དུ་སྤྱོད་རྒྱུ་བྱུང་ ཡོད། འདི་ལྟར་བསམས་ནས་ཚང་མས་ཁོང་གི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ། ཉམས་ལེན་ལ་བརྩོན་པ་བསྐྱེད་དགོས་པ་དེ་གལ་ཆེ་ཤོས་ཡིན། འདི་ལ་ཕྱི་གཤོལ་གཏན་ནས་བྱ་རྒྱུ་མེད།
དེང་སྐབས་ཀྱི་འཇམ་མཁྱེན་བརྩེ་རིན་ པོ་ཆེ་སྐུ་ཕྲེང་གསུམ་པར་མཚོན་ན་ཡང་། ཆེས་ཐོག་མར་ངོས་འཛིན་བྱེད་པའི་སྐབས་སུ་ཡང་བླ་ཆེན་རྣམ་པས་བྱ་ཐབས་ཧ་ཅང་མང་ པོས་ལམ་ནས་ཁུངས་ཐུབ་ངེས་བརྙེད་ཀྱི་བརྟགས་དཔྱད་གནང་བ་བརྒྱུད་མཐར། ང་ཚོས་ཁོང་ཉིད་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཡིན་པའི་ ངེས་ཤེས་བརྙེད། ཁོང་ལ་ཆུང་ནས་ཐལ་མལ་ལས་འདས་པའི་རང་གཤིས་གསལ་པོ་མངོན་ཞིང་། ཐུན་མོང་མིན་པའི་ཁྱད་རྟགས་ཧ་ཅང་མང་པོ་ལྡན་པར་མ་ཟད། ཁོང་གི་མཛད་སྤྱོད་སོགས་གནང་སྟངས་མང་པོ་ཞིག་སྐུ་འཕྲེང་སྔ་མ་དང་ཧ་ཅང་མཐུན་པོ་ ཡོད། དཔེ་མཚོན་ཞིག་བཤད་ན། ཁོང་ཉིང་ཆུང་ངུའི་དུས་ནས་རིས་མེད་ཀྱི་ཆོས་བརྒྱུད་ཁག་གི་ཆོས་རྒྱུན་གསན་བཞེས་ དང་། དུས་མཚུངས་རིས་མེད་ཀྱི་བཀའ་བསྟན་ལ་སློབ་སྦྱོང་། རིམ་པ་ཁག་གི་མཚམས་སྒྲུབ་དང་ཉམས་ལེན་ལ་འབད་བརྩོན་ཆེན་པོ་གནང་བ། དགོན་པ་དང་བཤད་གྲུབ་ཀྱི་ལྟེ་གནས་སློབ་གྲྭ་སོགས་བཞེངས་བསྐྲུན་རྒྱ་ཆེར་གནང་ བའི་མཛད་པ་ལྟ་བུ་ཡིན།
ཁོང་ནི་ཐབས་མཁས་ཀྱི་མཛད་པ་རྣམ་པ་སྣ་ཚོགས་ཀྱིས་ སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་གནང་མཁན་ཞིག་ཡིན། དེས་ན་སློབ་མ་དག་གི་ངོས་ནས་ཀྱང་། ཡང་དག་པ་དང་ཁ་ཞེ་མེད་པའི་དད་པ་རྩེ་གཅིག་པའི་ཐོག་ནས་ཁོང་ལས་བསླབ་བྱ་དང་ལམ་ སྟོན་ཞུ་དགོས།

ནང་ཆོས་ཉམས་ལེན་བྱེད་པའི་གོམ་སྟབས་དང་པོ་ནི་ཐོས་བསམ་སྟེ། ཐོས་བསམ་མེད་པའི་སྒོམ་སྒྲུབ་ཉམས་ལེན་ནི་མི་སྲིད་པ་ཞིག་རེད། གོ་རིམ་ལྡན་པའི་སློབ་སྦྱོང་གི་རིམ་པ་བརྒྱུད་ནས་རང་ཉིད་ཀྱིས་གང་བསླབས་པ་དེ་ ཉམས་ལེན་གྱི་ཐོག་ཏུ་སྤྱོད་དགོས། གང་རེད་ཟེར་ན་སློབ་སྦྱོང་གི་དམིགས་ཡུལ་ནི་ཇི་ལྟར་བསླབས་པ་དེ་དག་ཉམས་སུ་ལེན་ རྒྱུའི་ཆེད་དུ་རེད། དེ་ལྟར་བྱས་ན་གཞི་ནས་ང་ཚོའི་རྒྱུད་ཀྱི་སྡིག་སྒྲིབ་དག་པར་བྱེད་ཐུབ། དེ་ལྟ་བུའི་ཉམས་ལེན་བརྒྱུད་ན་ནང་སེམས་ཀྱི་དྲང་ཕྱོགས་ཀྱི་བསམ་བློའི་ཡར་རྒྱས་ སུ་གཏོང་རྒྱུ་དང་། ཆེས་ཐ་མ་དེར། སེམས་ཀྱི་རང་བཞིན་ངོ་མ་དེ་རྟོགས་ཐུབ། རང་ཉིད་ཀྱི་སེམས་ཀྱི་རང་བཞིན་མངོན་པར་རྟོགས་པ་ལས་གཞན་དུ་སངས་རྒྱས་ཞེས་པ་ ཞིག་ཀྱང་མེད། ཡིན་ན་ཡང་། འདི་ལྟ་བུའི་སེམས་ཀྱི་རང་བཞིན་དེ་ཡང་། སློབ་སྦྱོང་བྱས་པ་ཙམ་དང་རྩོད་པའི་རིགས་ལམ་བྱང་བ་ཙམ། མི་གཞན་གྱིས་འགྲེལ་བཤད་བྱས་པ་ཙམ་གྱིས་རྟོགས་པ་ཞིག་ཀྱང་མིན་པར། ཐབས་ལམ་གཙོ་བོ་དེ་རང་ཉིད་ཀྱི་ཚོགས་བསགས་དང་། ཁྱད་པར་དུ་བླ་མའི་བྱིན་རླབས་ལ་ལྟོས་པ་ཞིག་རེད།
ཚོགས་གསོག་པའི་ཐབས་ལམ་ ཡག་ཤོས་དེ་ནི་བླ་མའི་རྣལ་འབྱོར་བསྒོམ་རྒྱུ་དེ་རེད། སྤྱིར་བཏང་བཤད་ན་ཡང་། ཐར་པའི་ལམ་སྟོན་གྱི་བཤེས་གཉེན་ནི་ཧ་ཅང་གལ་ཆེ་ལ། ཁྱད་པར་དུ་རྡོ་རྗེ་ཐེག་པའི་ངོས་ནས་དེ་བས་ཀྱང་གལ་ཆེ། སངས་རྒྱས་ཀྱི་བྱིན་རླབས་ནི་ཀུན་ལ་ཁྱབ་པའི་གྲུ་ཆར་ལྟར་དུས་དང་གནས་སྐབས་ཀུན་ ཏུ་འགྲོ་བ་རྣམས་དང་ཉེ་བར་ཡོད་ན་ཡང་། སེམས་ཅན་སོ་སོའི་སྒྲིབ་པའི་དབང་གིས་སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ཐུབ་ཀྱི་ མེད་ལ་སངས་རྒྱས་ཀྱི་ཞལ་གསུང་ཡང་ཐད་ཀར་མཉན་མི་ཐུབ་པ་ཡིན། དེས་ན་རྩ་བའི་བླ་མ་བརྒྱུད་ནས་ང་ཚོས་གཞི་ནས་སངས་རྒྱས་ཀྱི་གསུངས་པའི་ཆོས་ཟབ་ མོ་ཉན་ཐུབ་པ་དང་། སངས་རྒྱས་ཀྱི་བྱིན་རླབས་ཀྱང་ཐོབ་ཐུབ།

རྒྱུ་མཚན་དེས་ན་ རྩ་བའི་བླ་མ་ནི་དངོས་གནས་ང་ཚོ་ཐར་པའི་ལམ་དུ་འཁྲིད་མཁན་དེ་ཡིན། འདི་ནི་ཧ་ཅང་གལ་ཆེན་རེད། འདིར་བཞུགས་རྣམ་པའང་ཁ་ཞེ་གཉིས་མེད་ཀྱི་སངས་རྒྱས་ཀྱི་རྗེས་འཇུག་པ། ཆོས་ཀྱང་མང་པོ་ཞུ་མྱོང་མཁན་ཡིན་པས་ཉམས་ལེན་གྱི་རིམ་པ་ལ་འཇུག་རྒྱུའི་དུས་ ཚོད་རན་ཤོས་ལ་སླེབས་འདུག
མཐར་ང་ཚོས་མཉམ་དུ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་། སློབ་མ་རྣམས་ཀྱང་སྐྱེ་བ་ཚེ་རབས་ཀུན་ཏུ་ཆོས་ཀྱི་བདུད་རྩིར་ལོངས་སུ་སྤྱོད་ ཅིང་། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམ་པའི་བྱིན་རླབས་རྟག་ཏུ་ཁྱེད་རྣམ་པ་དང་ འབྲལ་མེད་དུ་གནས་ཐུབ་པ་བཅས་ཀྱི་སྨོན་ལམ་འདེབས།