རྒྱ་གཞུང་གིས་རང་སྲེག་ལས་འགུལ་སྐུལ་འདེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༠   ཕྱི་ལོ་ ༢༠༡༣/༡/༩
རྒྱ་དམར་གཞུང་གིས་བོད་ནང་དུ་རང་ལུས་མེར་སྲེག་གིས་ངོ་རྒོལ་རབས་དང་རིམ་པ་བྱུང་བར་བཟང་ཕྱོགས་ཀྱི་ཐོག་ནས་ཞིབ་འཇུག་དང་གནད་དོན་ཐག་གཅོད་མ་བྱས་པར། ཡར་མར་ཁག་དཀྲི་སྣ་ཚོགས་བྱེད་བཞིན་པ་དང། རང་སྲེག་ལས་འགུལ་དང་འབྲེལ་བའི་སྐོར་བརྗོད་སྐབས་དུས་རྒྱུན་གྱི་ཁ་ཏོན་ལྟ་བུའི་ཏཱ་ལའི་དང་།

དེའི་སྒྲིག་འཛུགས་ཀྱིས་རྒྱུད་སྐུལ་བྱས་པ་ཡིན་ཚུལ་བརྗོད་བཞིན་པ་དེ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཙམ་མིན་པར་བོད་ནང་དུའང་ཆེད་དུ་ཡིག་ཆ་བཀྲམ་ནས། ཏཱ་ལའི་དང་ལོག་སྤྱོད་ཤོག་ཁག་གིས་ཆེད་དུ་རྒྱུད་སྐུལ་བྱས་པ་ཡིན་ཚུལ་ཁྱབ་བསྒྲགས་བྱེད་བཞིན་ཡོད། གསར་འགྱུར་བཀག་སྡོམ་གྱི་སྲིད་བྱུས་འཛིན་པའི་རྒྱ་དམར་གཞུང་གི་དམ་དྲག་འོག་གཞིས་ལུས་མི་མང་གིས་དུས་རྟག་པར་མིག་ལམ་དུ་ཡོད་པ་ནི་རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་ཆ་དེ་དག་ཙམ་ཡིན།

གཞིས་བཞུགས་བོད་མི་རྣམས་ཀྱི་གནས་ཚུལ་འབྱུང་ཁུངས་གཅིག་དེ་ལ་གལ་སྲིད་ཡིད་ཆེས་བྱེད་པའི་དབང་དུ་བཏང་ན། རང་སྲེག་ལས་འགུལ་གྱི་སྐུལ་འདེད་ཁོ་ན་རུ་འགྱུར་བཞིན་ཡོད། གཞིས་བཞུགས་རྒྱ་ཆེའི་མི་མང་གི་སེམས་ནང་དུ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཆེ་མཐོང་རང་བཞིན་ལ་འགྲེལ་བརྗོད་མི་དགོས་པར། ༧གོང་ས་མཆོག་གིས་ཕྱི་ལོ་༢༠༠༦ ལོར་དུས་འཁོར་དབང་ཆེན་སྐབས་གཅན་གཟན་པགས་རིགས་བེད་སྤྱོད་བྱེད་མི་འོས་པའི་བཀའ་སློབ་ཕེབས་པར་བརྟེན། དེ་མ་ཐག་བོད་ས་སྟོད་སྨད་བར་གསུམ་ནས་པགས་རིགས་རྒྱན་གོས་བེད་སྤྱོད་མཚམས་འཇོག་བྱས་ཡོད་པ་མ་ཟད། ཚང་མ་མེ་སྲེག་བཏང་ཡོད་པ་དེའི་ཐོག་ནས་གཞིས་བཞུགས་བོད་མིའི་༧གོང་ས་མཆོག་ལ་དགའ་དད་དང་ཆེ་མཐོང་ཡོངས་སུ་མཚོན་ཐུབ།

བོད་ནང་དུ་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་དེ་དག་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་དུ་རྒྱུད་སྐུལ་བྱས་པ་རྒྱ་གཞུང་གིས་ཡང་ཡང་ཁྱབ་བསྒྲགས་བྱས་ནས། གཞིས་བཞུགས་མི་མང་ཡིད་ཆེས་པའི་དབང་དུ་བཏང་ན། རང་སྲེག་ལས་འགུལ་དེ་མུ་མཐུད་ནས་མང་དུ་འགྲོ་ངེས་ཡིན་པའི་གནད་དོན་དེ་རྒྱ་གཞུང་གིས་གསལ་པོ་ཤེས་རྟོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་དུ་ཏཱ་ལའི་རུ་ཚོགས་ཀྱིས་རྒྱུད་སྐུལ་བྱས་པ་རེད་ཅེས་ཁ་གསལ་བརྗོད་པ་དེ་གཅིག་པུའི་ཐོག་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ནང་དུ་ཤུགས་རྐྱེན་ག་ཚོད་ཡོད་པ་ངོས་འཛིན་གསལ་པོ་བྱས་པ་རེད། དེར་བརྟེན་རྒྱུད་སྐུལ་བྱས་པ་མིན་པ་ཤེས་བཞིན་དེ་ལྟར་དྲིལ་བསྒྲགས་བྱེད་པ་ནི། རང་སྲེག་གི་ལས་འགུལ་མང་དུ་གཏོང་བའི་སྐུལ་འདེད་ཁོ་ན་ཡིན།

༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུད་སྐུལ་བྱས་པའི་དཔང་རྟགས་གང་ཡང་མེད་བཞིན་དེ་ལྟར་ཡང་ཡང་བརྗོད་པ་ནི། བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུར་འདོད་པ་མེད་པར་དུས་ཚོད་འཕུད་རྒྱག་གཏོང་བྱེད་ཙམ་ཞིག་ཡིན་པ་དང། ལོ་རེ་ཟུང་ནང་བོད་ནང་ནས་རང་ལུས་མེ་སྲེག་གཏོང་མཁན་གྲངས་བརྒྱ་མ་ཟིན་ཙམ་བྱུང་ཡོད་པ་དང། ད་དུང་མུ་མཐུད་དུ་གནས་ཚུལ་དེ་ལྟ་བུ་འབྱུང་སྲིད་པ་རེད། གནད་དོན་འདིའི་ཐད་ནས་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་དོན་དམ་གྱི་སེམས་ཚོར་གང་ཡང་མེད་པའི་རྣམ་འགྱུར་ལ་བལྟས་ན། བོད་རྒྱའི་གནད་དོན་བཟང་ཕྱོགས་ནས་ཐག་གཅོད་ཡོང་རྒྱུ་ཧ་ཅང་གི་དཀའ་ཁག་རང་བཞིན་དུ་གྱུར་ཡོད་པ་དང། མ་འོངས་པར་མཇུག་བསྡོམས་རྒྱག་དཀའ་བའི་ཛ་དྲག་གི་གནས་ཚུལ་ཞིག་ཏུའང་འགྱུར་སྲིད་པ་རེད།

གང་ལྟར་བོད་མི་རིགས་ཀྱི་སེམས་ནང་གི་མགོ་ཁྲིད་དེ་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་དེ་དག་གཏན་ནས་མིན་པ་དང། སེམས་གཏིང་གི་རྒྱལ་ཁབ་དེ་རྒྱ་དམར་གཞུང་མིན་པ་ཧ་ཅང་གསལ་པོར་གྱུར་ཟིན་པ་རེད། དེར་བརྟེན་བོད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ཀྱིས་གནད་དོན་དེ་གཞི་རྩར་བཞག་ནས་ལས་དོན་སྒྲུབ་དགོས་པ་ལས། དེ་ལས་གཞན་པའི་ལམ་ཕྱོགས་ཤིག་འཚོལ་ཐབས་མེད་པ་ཧ་ཅང་གསལ་པོ་རེད། གནས་ཚུལ་འདི་ཤེས་རྟོགས་གཏིང་ཟབ་ཡོད་པ་གཞི་རྩར་བཞག་པའི་ཐོག་ནས་གྲ་སྒྲིག་བྱ་རྒྱུ་ལ་འཐུས་ཤོར་སོང་ན། ད་ལྟའི་མི་རབས་འདིའི་ལས་འགན་མ་འགྲུབ་པ་ཙམ་དུ་མ་ཟད། མ་འོངས་པའི་མི་རབས་ཚོས་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཏུ་བརྩི་སྲིད་པའི་ཉེན་ཁའང་ཡོད་པ་རེད།

མདོར་ན་རྒྱ་གཞུང་གིས་དྲིལ་བསྒྲགས་ཀྱི་ཐབས་ལམ་འདི་ལ་བརྟེན་ནས། རང་སྲེག་ལས་འགུལ་བ་མང་དུ་གཏོང་བར་ཆེད་དུ་སྐུལ་འདེད་བྱེད་བཞིན་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལུགས་ཀྱིས་གྲ་སྒྲིག་བྱེད་དགོས་པ་དང། རྒྱ་གཞུང་གི་མཁྲེགས་འཛིན་གྱི་ལངས་ཕྱོགས་འདི་ཁོ་ན་ལས་འགྱུར་བ་གཏོང་འཆར་མེད་ན། བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཡོང་ཐབས་གཙོར་འདོན་བྱས་པ་ཙམ་གྱིས་མི་ཕན་པར། དུས་ཚོད་འཕུད་རྒྱག་གཏོང་ཐབས་ཙམ་ཞིག་ཏུ་འགྱུར་ཉེན་ཡོད་པ་ང་ཚོའི་མིག་མདུན་དུ་ཡང་ཡང་སླེབས་ཡོད་པ་རེད། དཔེར་ན་༢༠༠༨ ལོའི་ཕྱི་ཟླ་བདུན་པར་ནང་ལུགས་ཀྱི་ཐུག་འཕྲད་ཟེར་བ་ལྟ་བུས་མཚོན་རྒྱ་གཞུང་གི་དམིགས་ཡུལ་ཁོ་ན་འགྲུབ་ཐབས་ཙམ་ལས་བོད་དོན་ཐག་གཅོད་ཡོང་བར་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་བྱུང་མེད་པ་འདི་དག་ལས་ཉམས་མྱོང་ལེན་དགོས།།