རྒྱ་ནག་གིས་༧གོང་ས་མཆོག་ལ་ཁ་གཏད་གཅོག་པའི་ལས་འགུལ།

བོད་མི་ཚོས་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་རྒྱུན་མཐུད་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཡུས་ཀྲིན་ཧྲིན་ཉེར་ཆར་དཀར་མཛེས་རང་ལྗོངས་ཁུལ་དུ་ལྟ་སྐོར་ལ་ཡོང་ནས། རྒྱལ་གཅེས་རིང་ལུགས་དགོས་སྐོར་དང་། ཏཱ་ལའི་རུ་ཚོགས་ལ་ཁ་གཏད་གཅོག་དགོས་སྐོར་བརྗོད་ཡོད་པ་རེད།

དེ་ཡང་ཕྱི་ཚེས་༨ ཉིན་རྒྱ་གཞུང་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིག་ན། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཡུས་ཀྲིན་ཧྲེན་དཀར་མཛེས་བོད་རིགས་རང་ལྗོངས་ཁུལ་དུ་ལྟ་སྐོར་ལ་ཕྱིན་ཏེ། ས་གནས་ཁག་གི་དབུ་ཁྲིད་ཚོ་དང་མཉམ་དུ་ཚོགས་འདུ་འཚོགས་ནས་བོད་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་རྣམས་སྲ་བརྟན་བྱེད་དགོས་པ་དང་། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་ཁབ་ནང་ལོག་ལ་ལས་བཞུགས་ཀྱི་གོ་སྐབས་མང་ཙམ་སྤྲད་དགོས་པ་དང་ཕྱོགས་མཚུམས་ཏང་གི་མི་དམངས་ཕྱུག་བསྒྱུར་གྱི་སྲིད་ཇུས་དང་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ། མུ་མཐུད་ནས་ཏཱ་ལའི་ཚོགས་ལ་ཁ་གཏད་གཅོག་པའི་ལས་འགུལ་ཤུགས་ཆེ་རུ་སྤེལ་ནས། དཔལ་འབྱོར་ཡར་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་བཟང་དུ་བཏང་བའི་སྤྱི་ཚོགས་ལ་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཐུབ་པ་བྱེད་དགོས་ཞེས་བརྗོད་འདུག

དེ་བཞིན་ཡང་དུས་སྐབས་དེ་དང་སྟབས་བསྟུན་ནས་ཁོང་གིས་བོད་བརྒྱུན་ནང་བསྟན་གྱི་སྐུ་ཚབ་ཚོ་དང་ལྷན་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་མཐུད་ནས་དར་སྤེལ་བཏང་བ་དང་། རྒྱ་ནག་མེས་རྒྱལ་གཅིག་འགྱུར་སྟོབས་འབྱོར་ལྡན་པ་ཞིག་གྱུར་བའི་ཚེ། གཞི་ནས་བོད་ནང་ཁུལ་ལ་ཞི་བདེ་ལྷིང་འཇགས་དང་མི་རིགས་སོ་སོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཡོང་ཐུབ། ད་དུང་བོད་རྒྱུན་ནང་བསྟན་ལ་ཡང་གཞི་ནས་འོད་སྟོང་ལྡན་པའི་མདུན་ལམ་ཞིག་བསྐྲུན་ཐུབ་པ་དང་། དགོན་པ་ནང་གི་གྲྭ་བཙུན་རྣམས་ཀྱི་རྒྱ་གཞུང་གིས་དགོན་པ་དོ་དམ་གྱི་སྲིད་ཇུས་ལ་རྒྱབ་བསྐྱོར་བྱེད་དགོས་པ་དང་། གཞུང་གིས་ཁྲིམས་ལུགས་གཞིར་བཟུང་ནས་དགོན་པ་ཁག་ལ་སྔ་ནས་དོ་དམ་ནན་པོ་བྱེད་པ་དང་ཕྱོགས་མཚུངས་དགོན་པ་ལ་གང་འོས་ཀྱི་མཐུན་རྐྱེན་སྦྱར་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་གཉིས་མཉམ་གནས་ཐུབ་པ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

༢༠༠༩ ལོ་ནས་བཟུང་བོད་ནང་ནས་མུ་མཐུད་ནས་རང་སྲེག་གིས་རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་བྱས་ནས། ད་བར་བོད་མི་བརྒྱ་ལ་ཉེ་བ་ཞིག་བྱུང་ཡོད། དེ་ཡང་༢༠༡༢ ལོ་གཅིག་པུའི་ནང་ནས་བོད་མི་༨༥ ཙམ་གྱི་སྐུ་ལུས་མཆོད་མེར་ཕུལ་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་འཆར་ཅན་གྱི་གསར་འགོད་གསལ་བསྒྲགས་བྱས་པའི་སྐབས་སུ་བོད་མི་རང་སྲེག་བྱས་པའི་ཉེས་ཁག་ཡོངས་རྫོགས་དེ་༧གོང་ས་མཆོག་དང་བོད་མི་སྒྲིག་འཛུགས་ལ་དཀྲི་བཞིན་ཡོད་པ་རེད།།