མི་ལོ་བཅུ་གཅིག་ཚིག་རྐང་གཉིས་ལ་བསླབས།

<<སྙན་ངག>>

ཇི་སྲིད་འཁོར་བའི་གྲོང་འདི་མ་སྟོང་བར།།

དེ་སྲིད་སྙན་ཚིག་རིག་པའི་སྲད་བུ་ནི།།

ཕན་ཚུན་མཛའ་བའི་རྒྱུན་ལམ་ཉག་གཅིག་སྟེ།།

ས་སྟེང་འདི་ཡི་རིན་ཆེན་དང་པོ་ཡིན།།

མི་ལོ་བཅུ་གཅིག་ཚིག་རྐང་གཉིས་ལ་བསླབས།།

ད་དུང་ཤེས་བྱའི་ཕ་མཐའ་མ་ཆོད་པས།།

ཞོར་དང་ཡུད་ཀྱིས་ཚིམས་པའི་བྱིས་པ་ལ།།

ཡིད་རྟོན་འཆའ་བའི་ཡུལ་ལས་རིང་དུ་འདས།།

 

དུས་ཀྱི་ཆུ་བོ་ཤུགས་དང་རླབས་ཀྱིས་བདས།།

བརྩོན་འགྲུས་འཕྲུལ་གྱིས་བསྐོར་བའི་གྲུ་ཟུར་ན།།

འཇག་མའི་ཤུགས་གླུ་ཉན་བཞིན་ཆས་པ་ཡི།།

སྙན་ངག་མཁན་པོ་འདི་ཀོ་ཉམས་རེ་དགའ།།

 

ཡིད་འོང་ཉམས་ཀྱིས་ཁྱད་པ་བཏོན་པ་ལ།།

སྙན་འཇེབས་དབྱངས་དང་འགྲོགས་པའི་ཁུ་བྱུག་ངག།།

བདར་ཤ་ཡང་ནས་ཡང་དུ་བཅད་པ་ལས།།

བླ་བརྡོལ་གླུ་ཞིག་མིན་པ་ཁོ་བོས་ཤེས།།

 

ལང་ཚོ་བཅད་ལྷུག་སྤེལ་མས་མཛེས་པ་རེས།།

ཡང་དག་དོན་གྱི་འཛུམ་ཞལ་ལྷང་ངེར་མངོན།།

མ་བཅོས་ཚིག་གི་སྦྱོར་བའི་རིན་ཐང་ལ།།

ཡོད་ཚད་དངོས་པོ་ཟླུམ་ཡང་དོ་ཟླ་ཅི།།

 

མཚར་སྡུག་བཅུ་ཕྲག་རིག་གཞུང་ལུས་ཕྲ་མར།།

ཐོས་བསམ་སྒོམ་པའི་ཟ་འོག་མཛེས་གྱུར་ཀྱང་།།

དབྱངས་སྙན་ཚིག་གི་རྒྱན་ཆར་མི་ལྡན་ན།།

དཔྱོད་ལྡན་སྲེད་པའི་ཡུལ་ཞིག་མིན་པར་གོ།

༢༠༡༣།༡།༩།