རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ།
ཟླ་འདིའི་ཚེས་༡༢ ཉིན་གུང་ཙམ་ལ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཡུལ་ཚོའི་ཐོག་ཏུ་བོད་མི་ན་གཞོན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེགབཏང་སྟེ་སྐུ་གྲོངས་ཡོད་འདུག
ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་ཚེ་རིང་སྒྲོལ་མ། སྐྱེས་དམན་གྱི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱི་ཡོད་པ་དང། ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག
ཁོང་གིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འབྱོར་ཏེ། དགོན་པའི་དགེ་འདུན་པ་རྣམས་བསྔོ་སྨོན་གསུངས་དུ་ཕེབས་པ་བཀག་འགོག་བྱས་ཡོད་པ་མ་ཟད། ས་གནས་མང་ཚོགས་འདུ་འཛོམས་ཀྱང་བཀག་སྡོམ་བྱས་ཡོད་པ་རེད། ཉེ་འཁོར་སྡེ་པ་སོ་སོའི་སྐུ་ཚབ་རེ་གཉིས་མ་གཏོགས། སྐྱེ་ནང་སྡེ་བའི་མཐའ་འཁོར་དང་ལམ་ཁ་ཡོངས་བཀག་སྡོམ་བྱས་ཏེ་འདས་པོའི་ཁྱིམ་དུ་མི་མང་འདུ་འཛོམ་བྱེད་འཇུག་མེད་པ་རེད།
ཚེ་རིང་བཀྲ་ཤིས་རྒྱུན་ལྡན་ལྟར་ཞོགས་པར་ཕྱུགས་རྫིར་ཕྱིན་སོང་ཡོད་ནའང། ཅུང་ཙམ་རྗེས་ཕྱིར་ཁྱིམ་དུ་ལོག་སྟེ་ཁོང་གི་ཨ་མ་ལ། ངས་དེ་རིང་བོད་ལྭ་གཙང་མ་ཞིག་གྱོན་དགོས་ཀྱི་འདུག་ཅེས་བཤད་ཡོད་འདུག སྐབས་དེར་ཨ་མས་ཀྱང་ཉིན་འདི་གར་གནམ་གཤིས་གྲང་མོ་ཡོད་སྟབས་བོད་ལ་གྱོན་ཞེས་བརྗོད་དེ། ཁོང་ཕྱིར་ཕྱུགས་རྫིར་སོང་བ་དང་། རི་མགོའི་ཕྱུགས་ཟོག་ཡོད་སར་འབྱོར་སྐབས་ཁོང་གི་རོགས་པར། ཁྱོད་ཀྱིས་ངའི་ཕྱུགས་ཟོག་ལ་ལྟ་རོགས། ང་ཡུལ་ཚོའི་ཐོག་ཏུ་སོང་སྟེ་ཕྱིར་ལམ་སང་ལོག་ཡོང་ཞེས་བརྗོད་དེ་ཕྱིན་ཡོད་འདུག
ཚེ་རིང་བཀྲ་ཤིས་ནི་རྒྱ་གཞུང་གི་དྲག་རྩུབ་སྲིད་ཇུས་ལ་ ༢༠༡༣ ལོར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དང་པོ་དེ་ཆགས་ཡོད་པ་རེད།།