གསུང་ཆོས་ཀྱི་དངུལ་ལྷག་ཆ་ཚང་ཞལ་འདེབས་སུ་གནང་འདུག
ཟླ་འདིའི་ཚེས་༡༡ ཉིན་རྒྱབ་ཆུ་ཚོད་༡།༣༠ཐོག་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ལྟེ་གནས་ཝཱ་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་ད་ལྟ་༧གོང་ས་མཆོག་གིས་ཝ་ར་ཎ་སར་གསུང་ཆོས་གནང་བཞིན་ཡོད་པས། ཕྱི་ཚེས་༡༠ཉིན་གྱི་ཞོགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་བ་དང་། ༧གོང་ས་མཆོག་ལ་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
ཉིན་རྒྱབ་སྤྱོད་འཇུག་ཆེན་མོའི་གསུང་ཆོས་མུ་མཐུད་ནས་གནང་གྲུབ་མཚམས། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་བྱུང་སོང་རྩིས་ཁྲ་སྒྲོགས་སྦྱང་དང་། བྱུང་སོང་ལྷག་དོད་ཧིན་སྒོར་འབུམ་བརྒྱད་དང་སྟོང་ཕྲག་བརྒྱད་ཅུ་དེ་གཙུག་ལག་སློབ་གཉེར་ཁང་གི་འཁྲིས་སུ་ཡོད་པའི་རྒྱ་གར་ལོང་བའི་སློབ་གྲྭ་གཙོས་པའི་སྤྱི་ཚོགས་ཞབས་ཞུ་གནང་མཁན་གྱི་ཚོགས་པ་ཁག་ལ་འབུལ་རྒྱུ་ཡིན་པར་གས་བསྒྲགས་གནང་སོང་།
ཕྱི་ཚེ་༡༡ཉིན་གྱི་ཞོགས་པ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་དགེ་ལས་ནང་མི་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་བ་དང་། གཙུག་ལག་སློབ་གཉེར་ཁང་ནས་གསར་དུ་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་བཅུ་གཅིག་དབུ་འབྱེད་གནང་སོང་། ཉིན་རྒྱབ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས་མཆོག་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ཚལ་དུ་གཟིགས་སྐོར་ཆིབས་བསྒྱུར་གནང་། དེའི་སྐབས་རྒྱ་གར་བྱང་ཆུབ་ཆོས་ཚོགས་ཀྱིས་སྣེ་འཁྲིད་ནས་ཆོས་ཞུ་བ་སྐྱ་སེར་ཕོ་མོ་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་སྣེ་ལེན་དང་། དེ་རྗེས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བར་ལམ་སཱ་རཱ་ནཱ་ཐར་ཆགས་པའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་དོ་བདག་དངོས་སུ་ཡིན་མིན་གྱི་ཐད་ལ་དཀའ་རྙོག་ཡོད་པ་དེ། ལྷ་ལྡན་ཆོལ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ལ་བདག་པ་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་གཙང་སེལ་ཆགས་པར་བརྟེན། དེ་ཡིས་རྟེན་འབྲེལ་མཛད་སྒོར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་གནང་སྐབས། དགོན་པའི་ནང་ལ་ནང་ཆོས་དང་འབྲེལ་བའི་དཔེ་དེབ་ཚོང་ཁང་ཞིག་གསར་འཛུགས་དང་དགོན་པའི་ལོ་རྒྱུས་དབྱིན་ཧིན་བོད་གསུམ་ཐོག་ཏུ་དེབ་ཆུང་ཞིག་ཀྱང་པར་བསྐྲུན་གནང་དགོས་སྐོར་དང་། གནས་བསྐོར་བ་ཡོང་བའི་དུས་ཚོད་དང་བསྟུན་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་རྒྱུ་དང་དེ་བཞིན་གཞན་ལ་ཕན་སེམས་བསྐྲུན་མཁན་གྱི་ལྟེ་གནས་ཞིག་ཡོང་བར་འབད་བརྩོན་གནང་རོགས་ཞེས་བཀའ་སློབ་ལམ་སྟོན་གནང་སོང་།
ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག།བོད་མི་མང་སྤྱི་འཐུས་བཀའ་ཟུར་ཐུབ་བསྟན་ལུང་རིག། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན། གདན་ས་གསུམ་དང་གྲྭ་ཚང་དྲུག་གི་མཁན་ཚབ་རྣམ་པ། ས་གནས་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ཚོགས་པ་ཁག་གི་སྐུ་ཚབ་བཅས་སྐུ་མགྲོན་བརྒྱ་ལྷག་ཙམ་ཕེབས་འདུག
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་བོད་དགོན་ཕྱག་འདེབས་མཁན་རྒན་མགོ་སེར་རམ་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་གིས་བློ་སྟོབས་ཆེན་པོའི་ས་ཆ་ཉོས་ནས་དགོན་པ་འདི་འདྲ་ཞིག་འཛུགས་བསྐྲུན་གནང་བ་རེད། དེ་ལ་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན་ཞུ་འོས་པ་རེད་ཅེས་གསུངས་སོང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ལྟེ་གནས་ཝཱ་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ནས་དགོན་པ་འདི་ཉིད་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་ནས་ལྷག་བསམ་རྣམ་དག་དང་སྐུ་ངལ་འཛེམས་མེད་ཀྱིས་༡༩༥༥ལོར་ཕྱག་བཏབ་ཅིང་། ༡༩༥༦ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠༠ འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་རྒྱ་གར་གཞུང་གིས་༧རྒྱལ་བ་ཡབ་སྲས་རྣམ་གཉིས་གདན་ཞུ་གནང་བ་ལྟར། ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་ཞབས་བཅགས་གནང་བ་སོགས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་གནས་སྐོར་བ་གྲངས་མེད་པར་སྡོད་གནས་སོགས་གང་ཅིའི་ཐད་ནས་དགེ་ཕན་ཧ་ཅང་ཆེ་བ་ཞིང་། ས་ཁང་ཡོད་ཚད་དགོན་བདག་གིས་སྤྱི་ལོ་༢༠༠༤ལོར་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་༧གོང་ས་མཆོག་ནས་དེའི་འགན་དབང་ཆོས་རིག་ལས་ཁུངས་སུ་གནང་། ཕྱི་ལོ་༢༠༠༦ལོར་ཆོས་རིག་བརྒྱུད་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་སུ་གསོལ་རས་ཞུས་པ་ལྟར་གསོལ་བསྩལ་གནང་བྱུང་། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐུ་སྒེར་ཡིག་ཚང་། ཆོས་རིག་བཅས་ནས་དགོན་པ་ས་ཆ་དང་བཅས་པ་༧གོང་ས་མཆོག་གི་མཚན་ཐོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩའི་ཐོག་མཚན་བསྒྱུར་བྱ་གལ་ཆེ་བའི་ལམ་སྟོན་ཇི་བཞིན་ནང་སྲིད་བཀའ་བློན་ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་དང་། ལ་དྭགས་པ་སྐུ་ཞབས་བློ་བཟང་མཐུ་སྟོབས། ཁོང་གི་བུ་རྫོང་དཔོན་སྐུ་ཞབས་རིག་འཛིན་བསམ་འཕེལ་ལགས་རྣམ་པས་ཐུགས་འཁུར་ཆེར་བཞེས་ཀྱིས་རོགས་རམ་ཤུགས་ཆེ་གནང་བར་བརྟེན། ༧གོང་ས་མཆོག་གི་མཚན་ཐོག་ཏུ་ཁྲིམས་མཐུན་ལེགས་གྲུབ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩའང་ཁྲིམས་མཐུན་དེབ་སྐྱེལ་ལེགས་གྲུབ་བྱུང་ཡོད་ཅེས་གསལ་བསྒྲགས་སྤེལ་སོང་།
མཛད་སྒོའི་སྐབས་༧གོང་ས་མཆོག་གིས་ཡིག་ཆ་མ་པོར་ཕྱག་ཐེལ་དང་མཚན་རྟགས་བསྐྱོན་པ་དང་། དེ་རྗེས་བྱང་རྩེ་ཆོས་རྗེ་མཆོག་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་གྲུབ་འཚམས་ཐེངས་འདིའི་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་སོང་།།
ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
