ནང་འཁྲུག་མི་བྱ་རྒྱུའི་དམ་བཅའ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་བ་དང་། ལྷག་པར་བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་འགོ་བརྩམས་པ་ནས། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་བོད་རིགས་ཆིལ་སྒྲིལ་དགོས་པའི་ཞལ་ཆེམས་བཞག་པ་ནས་བཟུང་།
བོད་མདོ་ཁམས་ཁུལ་ནས་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་ཁས་ལེན་དམ་བཅའ་བྱེད་བཞིན་ཡོད་པ་ལྟར། དེང་སྐབས་མདོ་ཁམས་མི་ཉག་ནགས་ཕྲན་སྡེ་པའི་ནང་དུ་ཡང་རབ་སྒང་དགོན་པའི་སྣེ་ཁྲིད་འོག ནགས་ཕྲན་སྡེ་པའི་སྐྱེས་པ་རང་ལོ་ ༡༥ ཡན་དང་ ༦༠ མན་གྱི་བོད་མི་རྣམས་ཀྱིས་ནང་འཁུལ་འཁྲུག་འཛིང་མི་བྱེད་རྒྱུའི་དམ་བཅའ་བྱེད་བཞིན་ཡོད་པ་རེད་འདུག་ལ། དེ་ཡང་དགོན་པའི་འབྲེལ་ཡོད་གྲྭ་པ་རེ་རེས་མི་སྐྱ་བཅུ་ཕྲག་ཙམ་རེར་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་དམ་བཅའ་བྱེད་རྒྱུར་སློབ་གསོའི་འགན་ཁུར་བྱས་ཏེ། ད་བར་སྐྱེས་པ་མི་གྲངས་ ༤༠༠ ལྷག་ཅིག་གིས་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱའི་དམ་བཅའ་བྱས་ཟིན་ཡོད་འདུག དགོན་པའི་ལས་སྣེ་བས་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་དམ་བཅའ་བྱེད་མཁན་རྣམས་ཀྱི་མིང་ཐོ་དང་འདྲ་པར་བླང་པ་དང་། ལེགས་གསོལ་བསྔགས་བརྗོད་བྱས་ཡོད་འདུག
འབྲེལ་ཡོད་བརྒྱུད་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན་མ་འོངས་པར་ཡང་མུ་མཐུད་དེ་ནགས་ཕྲན་སྡེ་པའི་མི་སྐྱ་ཡོངས་སུ་རྫོགས་ཀྱིས་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱ་རྒྱུའི་དམ་བཅའ་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་པ་རེད་འདུག
མི་ཉག་ནགས་ཕྲན་སྡེ་བ་ནི་རྒྱ་ནག་གིས་བཅད་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན། ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་། (ལོང་འདུས་ཤང་།)ལུང་བསྟན་ཡུལ་ཚོའི་ཁོངས་སུ་ཡོད་པ་རེད།
མེ་སོར་གསར་འགོད་པས།