སྐུ་སྒེར་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་སྐུ་གྲོངས་པ།

553269_562124847148150_333167352_nསྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་ཟླ་འདིའི་༡༤ སྔ་དྲོ་ཆུ་ཚོད་ ༡༡།༡༣ ཙམ་ལ་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། ཕྱི་ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།

ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་བསྔོ་སྨོན་གསུངས་པ་དང་། ཕྱི་དྲོ་ཆུ་ཚོད་ ༤ པའི་རྗེས་མྱ་ངན་གུས་འདུད་མཚོན་ཆེད་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་རེད།

 

དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྟ་ར་བ་བསྟན་འཛིན་ཆོས་ཉིད་ནི་མི་ལོ་ ༦༡ རིང་༧གོང་ས་མཆོག་དང་རང་གཞུང་ལ་ཞབས་ཞུ་གནང་མྱོང་མཁན་ཞིག་ཡིན་པ་དང། དམ་པ་ཁོང་ནི་མྱང་སྟོད་རྒྱལ་རྩེ་རྫོང་ཁོངས་མཁར་ཁ་གཞིས་སུ་ཕྱི་ལོ་ ༡༩༢༠ ལོར་ཡབ་སྐལ་བཟང་ཆོས་འབྱོར་དང་ཡུམ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། སྔར་ལམ་ཡིག་རྩིས་རིག་གནས་སློབ་གཉེར་དང་།

553269_562124847148150_333167352_n

གཞུང་སྲོལ་ཕྱག་བྲིས་ཀྱི་ལས་དོན་སྤྱན་ལྟོས་མྱོང་གསོག་ལེགས་གྲུབ་ཀྱི་དགུང་གྲངས་ ༢༢ ལྕགས་སྤྲུལ་ཕྱི་ལོ་ ༡༩༤༡ ལོར་གཞུང་ཞབས་རྩེ་དྲུང་གི་གསར་མཇལ་ཞུས་ཏེ་ཞབས་སྣེའི་ཐོག་མ་རྩྭ་གཉེར་དང་། རིམ་པར་ལྷ་བུ་གཞིས་སྡོད། བཀྲས་ལྷུན་ཛ་བླའི་ལས་བྱ། རྒྱ་ནག་དོན་གཅོད་ཐའི་མཁན་སྦྲེལ་པོའི་ལས་བྱ་རྩེ་མགྲོན། བོད་ལྗོངས་ཚོགས་འདུ་ཧྲགས་བསྡུས་ནང་རྩེ་མགྲོན་གྱི་འཐུས་མིར་འདེམས་ཐོན་ཚོགས་ཞུགས། མཁན་ཆུང་གི་མཚན་གནས་ཐོག་ནོར་གླིང་ནང་མ་ཁང་དུ་ཕྱག་བྲིས་ཞབས་ཞུའི་འགན་བཞེས། རྒྱ་དཀར་ནག་གིས་མཚོན་ཕྱི་ནང་ཆིབས་སྒྱུར་གར་གནང་ལ་༸རྒྱལ་བའི་ཆིབས་ཞབས་ལྷན་བཅར། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་རྒྱ་མིས་བོད་གཞུང་ལ་མཐོ་བརྩམས་ཟིང་བསླངས་དྲག་མནོན་ཛ་དྲག་གི་ཉེན་ཆེའི་སྐབས་ལྷ་ཁུལ་སེར་སྐྱ་མང་ཚོགས་ནས་སྐུ་ཕྱྭ་བསྟན་སྲིད་སྙིང་བཅངས་དང་བླང་ སྒྲིག་འཛུགས་ཚན་ཁག་ལ་ཇུས་འགོད་དབུ་འདོམས་བཀའ་བཀོད་ཁང་གི་དབུ་འཁྲིད་ཁོངས་མང་ མོས་འོས་འདེམས་ལྟར་ཕྱི་ནང་གསང་གསུམ་གྱིས་སྐུ་ཕྱྭའི་སྲུང་སྐྱོབ་དང་རྒྱ་གར་ དུ་གདན་ཞུའི་ཐབས་སྐུལ་ཐུགས་རྩོལ་ཆེ་བསྐྱེད་དོན་འཁྱོལ། ཟིང་འཁྲུག་ནང་དགྲ་བོར་གདོང་གཏུགས་མེ་ལན་སློག་རྒྱུར་ཐུགས་འགྱོད་མེད་པ་གནང་ མཐར་བཙན་བྱོལ་དུ་ཕེབས་ཏེ་སྐུ་ཚེ་མཐའ་འཁྱོངས་སྐུ་སྒེར་དྲུང་ཆེའི་ཐུགས་འགན་ རྐང་བཞེས་སྲི་ཞུ་རྟག་འགྲུས་མཛད་ཐོག གཞུང་འབྲེལ་འགངས་ཆེའི་ཡིག་ཆ་དང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལུགས་ཟུང་མཛད་འཕྲིན་ནམ་མཁའི་ཕ་མཐར་ ཀླས་པ་ལས་གསུང་གི་མཛད་པ་རྒྱ་ཆེའི་ཕྱི་ནང་མང་ཚོགས་ལ་ལེགས་འདོམས་བཀའ་སློབ་སྔ་ ཕྱི་རིམ་ཅན་སྡེ་ཚན་གླེགས་བམ་ཕྱོགས་བསྒྲིགས། ཡང་སྒོས་སྐུ་ཚེའི་ལོ་རྒྱུས་ཕྱག་དེབ་ཅིག་ཀྱང་བྲིས་གནང་ཡོད་པ་རེད།།