ཡང་སྐྱར་མེས་དབོན་རྣམ་གསུམ་ལ་རེ་བ་ཞིག་བཅའ།

རི་སུལ་ཁ་བས་སྤུད་པའི་འཇིག་རྟེན་གྱི་ཞིང་ན།།

འོད་གསལ་ལྷ་ལས་མཆེད་པའི་མི་བདག་གི་རྗེ་བོ།།

སུམ་གཉིས་ནོར་འཛིན་སྐྱོང་བའི་ནུས་སྟོབས་ཤིག་སྤུངས་ནས།།

ཕ་གཞིས་གངས་རིའི་ལྗོངས་སུ་སྤྱན་ཞགས་ཤིག་རྐྱོངས་དང་།།

མགོན་མེད་དྭ་ཕྲུག་ང་ཚོའི་ཁ་ཐབས་ལ་གཞིགས་ན།།

འོད་གསལ་ཆོས་དབྱིངས་ཀློང་ནས་རྗེས་ཐོབ་ལ་བཞེངས་ཀྱིན།།

མཐའ་དང་ཟད་དུ་མེད་པའི་ཤིས་བརྗོད་ཀྱི་མེ་ཏོག།།

ཟིམ་ཟིམ་ཁ་བའི་ཞིང་དུ་ཉིལ་ཉིལ་དུ་ཕོབས་མཛོད།།

 

རིགས་གསུམ་འདུས་པའི་སྒྱུ་འཕྲུལ་ཡེ་ཤེས་ཀྱི་རོལ་རྩལ།།

རྩ་གསུམ་འདུས་པའི་སྤྱི་དཔལ་ནོར་འཛིན་གྱི་ཚངས་དབང་།།

ཆོལ་གསུམ་བོད་མའི་སྙིང་གི་མ་བཅོས་པའི་ཐིག་ལེ།།

མེས་དབོན་རྣམ་གསུམ་དྲན་པའི་གདུང་དབྱངས་ཤིག་ཐལ་སོང་།།

 

རྗེས་ཆགས་ཐུགས་བརྩེ་ཟབ་མོའི་བྱིན་རླབས་ཀྱི་གྲུ་ཆར།།

ཕང་ཕུང་འདོད་དགུར་བསྙིལ་བའི་གཡར་དམ་དེ་མ་བསྙེལ།།

གུ་ཡངས་ལྷ་གནས་གཟིམ་པའི་ཐུགས་དམ་དེ་དབྱུང་ནས།།

གཟི་བརྗིད་སྤོབས་པའི་དགེ་མཚན་ཤིག་ཤིག་ཏུ་འཛུམ་དང་།།

 

མི་བསྲུན་སྐྱེ་བོའི་ངང་ཚུལ་ཆོས་དབྱིངས་ནས་ཨེ་མཁྱེན།།

མ་བུའི་ལས་དབང་ཉམ་ཐག་སྒྲིབ་བྲལ་གྱིས་ཨེ་གཟིགས།།

གཤིན་རྗེའི་ཡུལ་ཁམས་ཇི་བཞིན་གྲོག་རོང་འདི་ཨེ་གསན།།

ཆོས་རྒྱལ་མེད་དབོན་རྣམ་གསུམ་ཐུགས་རྗེ་རེ་མ་ཆུང་།།

 

འཇག་མ་རླུང་བུས་བསྒུལ་བའི་ཐང་སྟོང་ན་འཁྱམ་པའི།།

མགོན་མེད་དྭ་ཕྲུག་སྐྱོབས་པའི་ཐུགས་རྗེ་ཞིག་མེད་ན།།

སྙིང་ཁམས་ལྕགས་ལས་གྲུབ་པའི་བྱང་སེམས་ཤིག་དབེན་ཞེས།།

བློ་མིག་ལྡན་པས་བཤད་ཚོད་ཁྲིག་ཁྲིག་ཅིག་མ་མཆིས།།

 

སུམ་གཉིས་ས་ལ་དབང་བའི་འཇིགས་ཟིལ་ཞིག་ཐོས་ཀྱང་།།

ལུགས་གཉིས་གཞན་འོག་ཆུད་པའི་གོད་ཆགས་འདི་དྲན་ཚེ།།

མཐའ་གཉིས་བྲལ་བའི་ཐེག་པ་བཟང་ངན་ཞིག་མ་ཚོར།།

བླང་དོར་རྣམ་པར་དཔྱོད་པའི་བློ་གྲོས་ཤིག་རྩོལ་དང་།།

 

ཆོལ་གསུམ་དགེ་ཚོགས་གཅིག་བསྡུས་མངལ་ཁ་ཞིག་སྦྲུམ་ནས།།

རྣམ་གསུམ་གཞོན་ནུར་བསྐྱེད་པའི་རེ་སྨོན་གྱི་འཁྲི་ཤིང་།།

ཞག་གསུམ་རྒྱ་ལས་བརྒལ་མིན་གསོལ་འདེབས་ཤིག་བསྐུལ་ན།།

རྒྱལ་སྲས་སེམས་པའི་རང་གཤིས་དམར་རྗེན་དུ་སྟོན་དང་།།

 

གཉའ་ཁྲི་འུ་དུམ་བར་གྱི་དམ་ཚིག་གི་འོ་མཚོ།།

མགོ་ནག་བོད་མའི་ཡིད་ཀྱི་ཆུ་བོ་ལ་འདྲེས་ཤིང་།།

ཆོས་ཉིད་གནམ་གྱི་རྒྱལ་མོའི་ལས་དབང་འདི་བཙན་པས།།

ནམ་ཡང་དྲན་པའི་ཡུལ་ལས་བསྐལ་ཐབས་ཤིག་མི་འདུག།།

༢༠༡༣།༡།༡༥།