བྷེ་ཧར་མངའ་སྡེ་ནང་བོད་དོན་ཞུ་གཏུགས་ལས་འགུལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ཏེ། དཔོན་རིགས་ཐུག་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་དགོས་པའི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་གྱི་ཞོགས་པར་མངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལཱ་ལཱོ་པར་སི་དུ་ཡ་དཱུབ་ལ་མཇལ་དེ་བོད་ནང་གི་གནས་བབས་ཞུ་གཏུགས་བྱས་ཡོད་པ་དང་། ལཱ་ལཱོ་པར་སི་དུ་ཡ་དཱུབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཆ་ཚང་ཡོད། རྗེས་ཕྱོགས་ཀྱང་ང་རང་གང་དུ་ཡོད་སར་ཁྱོད་ཚོ་ཕེབས་པར་ནམ་ཡང་སྒོ་ཕྱེས་ཡོད་ཅེས་སྤྱི་འཐུས་རྣམས་ལ་སྣེ་ལེན་ཟབ་རྒྱས་བྱས་པ་དང་། མངའ་སྡེ་ཁ་གཏད་ཚོགས་པའི་ཚོགས་གཙོ་ཁོང་གི་ལྕམ་རཱབ་རེ་བདེ་བཱས་ལ་ངོ་སྤྲོད་ཀྱིས་ཡིག་ངག་གཉིས་ཐོག་བོད་དོན་ཞུ་གཏུགས་བྱས་ཡོད་པ་རེད།
དེ་རྗེས་གུ་རུ་གྷོ་ཝལ་སིང་སིག་དགོན་ཆེན་གྱི་འགན་འཛིན་གཞོན་པ་ཇེ་ཐུ་སོགས་གནད་ཡོད་ཁག་ཅིག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་གནད་ཡོད་ཁག་ཅིག མངའ་སྡེ་བྷེ་ཇེ་བྷེ་ཚོགས་པའི་ཚོགས་གཙོ་དང་། འཕྲོད་བསྟེན་བློན་ཆེན་ཟུར་བ་སྐུ་ཞབས་རྡེ་པ་ན་ཁེ་ཆོ་མཆོག་དང་། ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་ཞུ་གཏུགས་གནང་ཡོད།
ཕྱི་ཚེས་༡༦ ཉིན་གྱི་ཞོགས་པར་མངའ་སྡེའི་ལམ་བཟོའི་བློན་ཆེན་སྡེ་བན་ཀེ་ཞོར་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་ཀྱིས་མུ་མཐུད་ཞུ་གཏུགས་དང་། གསར་འགོད་སྐོང་འཚོགས། མར་མེ་ཁྲོམ་སྐོར། བགྲོ་གླེང་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་བརྒྱུད་བསྒྲགས་བྱས་ཡོད་པ་རེད།།