རྒྱ་གཞུང་གིས་ཁྱིམ་ཚང་༤༠༠ ལྷག་གནས་སྤོ་བྱེད་བཅུག་འདུག
རྒྱ་གཞུང་གིས་བཙན་དབང་གིས་དབུས་གཙང་འཕེན་པོ་ལྷུན་གྲུབ་རྫོང་གི་མངའ་འོག་དུ་ཡོད་པའི་ཕུ་མདོ་གྲོང་ཚོ་དང་། གསེར་རྩ་གྲོང་ཚོ་སོགས་ནས་ཁྱིམ་ཚང་༤༠༠ ལྷག་གནས་སྤོས་བྱེད་བཅུག་སྟེ། ད་ལྟའི་ཆར་ལུང་པ་དེར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་རེད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཕ་ཡུལ་འཕེན་པོ་ནས་ཡིན་པ་སྟང་ཚང་རིག་རྒོད་ཀྱིས། འདི་གའི་གསར་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༤ བཞི་ཙམ་ནས་རྒྱ་གཞུང་གིས་ གཏེར་ཁ་སྔོག་འདོན་ཆེད། འཕེན་པོ་ལྷུན་གྲུབ་རྫོང་གི་མངའ་འོག་དུ་ཡོད་པའི་ཕུ་མདོ་གྲོང་ཚོ་ཞེས་པར་ཆུ་བོ་ཆེན་པོ་ཞིག་ཡོད་པ་དེ། དགོག་རྒྱུའི་འཆར་གཞི་ལག་བསྟར་བྱས་ཏེ། ཉེ་བའི་ཟླ་བ་ཁ་ཤས་ཀྱི་སྔོན་ནས་ཁུལ་དེ་གའི་ཡུལ་མི་དང་། དེ་བཞིན་ཉེ་འཁྲིས་ཀྱི་ཨུ་རུ་ལུང་པ་སོགས་གྲོང་སྡེ་མང་པོ་ཞིག་ནས་ཡུལ་མི་ཚོ་གནས་སྤོ་བྱེད་དུ་བཅུག་ཡོད་པ་མ་ཟད། གནས་སྤོ་མ་བྱས་ཚེ་ཆབ་སྲིད་དང་འབྲེལ་བ་ཡོད་ལུགས་བཤད་ནས་བཙན་སྐུལ་བྱས་ཡོད་འདུག
ལས་གཞི་དེའི་འོག་ཡུལ་དེའི་ས་ཞིང་མང་པོ་མེད་པ་བཟོས་བ་དང་རི་ངོས་གང་སར་ཨི་ཁུང་ཕུག་ནས་རི་ལ་རྩ་མི་སྐྱེ་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག་ལ། ཆུ་ཁ་བསྒྱུར་བར་བརྟེན་ཕུ་མདོ་གྲོང་ཚོའི་ཉེ་འདབས་སུ་ཡོད་པའི་གསེར་རྩ་གྲོང་ཚོ་སོགས་སུ་འཐུང་ཆུ་ཡང་མི་རག་པའི་དཀའ་ངལ་འབྱུང་བཞིན་ཡོད་འདུག
གཞན་ཡང་རྒྱ་གཞུང་གིས་མི་ལོ་བརྒྱད་ལྷག་ཙམ་གྱི་རིང་ཡུལ་དེ་ནས་གཏེར་ཁ་སྔོག་འདོན་བྱས་ཡོད་འདུག་པ་དང་། བརྒྱུད་རིམ་དེ་དག་གི་ནང་གྲོང་མི་འགའ་ཞིག་ནས་ངོ་རྒོལ་བྱས་འདུག་ཀྱང་ངོ་རྒོལ་བྱེད་མི་དེ་དག་འཛིན་བཟུང་བྱས་པ་མ་ཟད། འབྱུང་འགྱུར་ངོ་རྒོལ་བྱེད་མཁན་དེ་འདྲ་མི་ཡོང་ཆེད་རྒྱ་གཞུང་གིས་སྡིག་ར་སྣ་ཚོགས་ཤིག་གཏོང་བཞིན་ཡོད་འདུག
རྒྱ་གཞུང་གིས་མི་ཚང་བཞི་རྒྱ་ལྷག་ཙམ་བཙན་དབང་གིས་ས་གནས་གཞན་དུ་གནས་སྤོ་བྱེད་དུ་བཅུག་པར་བརྟེན། གྲོང་མི་ཚོ་ས་གནས་གང་སར་ཁ་ཐོར་དུ་བཏང་སྟེ་ས་ཆ་འགའ་ཞིག་ལ་ནོར་ལུག་སོགས་གསོ་སྐྱོང་བྱེད་པའི་ཁོར་ཡུག་མེད་པས་ཕག་པ་དང་བྱ་སོགས་གསོས་ནས་འཚོ་བ་སྐྱེལ་གྱི་ཡོད་འདུག
སྤྱིར་རྒྱ་གཞུང་ནས་ཁང་པ་གསར་རྒྱག་གི་མཚོན་པའི་རོགས་རམ་བྱས་ཡོད་ཀྱང་དེ་དག་ནི་དམིགས་ཡུལ་གཞན་ཞིག་ལ་ལྟས་ནས་བྱས་ཡོད་པས། ཕུགས་རྒྱང་རིང་པའི་འཚོ་བར་ཕན་ཐོགས་མེད་པ་རེད།
འཕན་པོ་ལྷུན་གྲུབ་རྫོང་གི་མངའ་འོག་དུ་ཡོད་པའི་ཕུ་མདོ་གྲོང་ཚོ་ཞེས་པ་དེ་ནི་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་གྲོང་སྡེ་ཞིག་ཡིན་པ་དང་། གྲོངས་སྡེ་འདིའི་ནང་དུ་མི་ཚང་ཉིས་བརྒྱ་ལྷག་ཙམ་དང་ཁྱོན་མི་གྲངས་བདུན་བརྒྱ་ལྷག་ཙམ་ཡོད་པ་རེད་འདུག




