ཁ་ཞེ་གཉིས་མེད་ལས་རྩིས་གཞན་པ་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༡  ཕྱི་ལོ་ ༢༠༡༣/༡/༡༦
ཉེ་ཆར་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང། དེ་ཡང་ལྷོ་ཕྱོགས་དང་བྱང་ཤར། བྱང་ཕྱོགས་བཅས་སུ་སྤྱི་འཐུས་ཀྱི་ཚོགས་ཆུང་གསུམ་ཆེད་བསྐྱོད་ཀྱིས་རྒྱ་གར་གཞུང་གི་དཔོན་རིགས་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་།

ད་བར་དུ་རང་ལུས་མེ་སྲེག་བཏང་བའི་གནད་དོན་བཅས་ངོ་སྤྲོད་དང་སྦྲགས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང། ས་གནས་ཚང་མ་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་བསྟན་ཡོད་པ་མ་ཟད། དཔོན་རིགས་རེ་ཟུང་གིས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་དེ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་བོད་དོན་རྒྱབ་སྐྱོར་དང་མི་འདྲ་པར་ཁ་ཞེ་གཉིས་མེད་ལས་རྩིས་གཞན་དག་གང་ཡང་མེད་ཚུལ་གསུང་མཁན་ཡང་བྱུང་ཡོད་འདུག

དོན་དངོས་ཀྱི་ཐོག་ནས་ཀྱང་བོད་དོན་རྒྱབ་སྐྱོར་ཆེ་ཤོས་བྱེད་མཁན་དེ་རྒྱ་གར་གཞུང་ཡིན་པ་དང། དེ་ཡང་རྒྱ་གར་རང་ཉིད་ཀྱི་མཚན་སྙན་གྲགས་ཀྱི་ཆེད་དུ་གནང་བ་ཞིག་མིན་ལ། ད་བར་མི་ལོ་༥༤ ཙམ་གྱི་རིང་རྒྱ་གར་གཞུང་གིས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་ཞིང། རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཁག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེ་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་པ་དང། རྒྱ་གར་གྱི་སྲིད་བློན་དང་༧གོང་ས་མཆོག་མཇལ་འཕྲད་གནང་ཡང་དོན་གྱིས་རྒྱབ་སྐྱོར་ག་རེ་གནང་དགོས་མིན་ཐོག་ལ་གོ་བསྡུར་གནང་བ་ལས། ཁེ་ཕན་ལ་དམིགས་ནས་ཁོག་རྩིས་བརྒྱབ་པ་ཞིག་གཏན་ནས་མིན་པ་ཕྱོགས་ཡོངས་ཀྱི་གནས་སྟངས་དངོས་ཀྱིས་ར་སྤྲོད་བྱས་ཡོད།

བོད་པའི་ནང་དུ་རྒྱ་གར་གཞུང་དང་ལྷག་དོན་སྲིད་བློན་པཎྜི་ཏ་ནེ་ཧ་རུས་བོད་རྒྱ་ཁོངས་རེད་ཅེས་བརྗོད་པས་བོད་ལ་དཀའ་ངལ་འཕྲད་ཚུལ་བརྗོད་མཁན་ཡོད་ཀྱང། དོན་དུ་ཕྱི་ལོ་༡༩༤༧ ལོར་ཨེ་ཤི་ཡའི་ཚོགས་ཆེན་དུ་བོད་པའི་སྐུ་ཚབ་ཆེད་དུ་གདན་འདྲེན་ཞུ་མཁན་པཎྜིཏ་ནེ་ཧ་རུ་གཙོ་བོ་ཡིན་པ་དང། ཕྱི་ལོ་༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་གཟབ་གཟབ་མ་བྱས་ནས་རྒྱ་ནག་གིས་བོད་ལ་ཉེན་ཁ་ཆེན་པོ་ཡོད་ཚུལ་བརྗོད་སྐབས། སྐབས་དེའི་བོད་གཞུང་གིས་ང་ཚོ་ལ་ཉེན་ཁ་གང་ཡང་མེད་ཅེས་རྒྱ་གར་གཞུང་ལ་ལན་འདེབས་བྱས་ཡོད། དེའི་རྗེས་སུ་རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་མང་ཆེ་བར་བཙན་འཛུལ་ཟིན་ནས་དམག་དཔུང་ཆབ་མདོར་སླེབས་ཏེ། ཕྱི་ལོ་༡༠༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་དབང་གིས་འཇོག་དགོས་བྱུང།

རྒྱ་གར་གཞུང་གིས་བོད་རྒྱ་ཁོངས་ཡིན་པ་རྒྱ་གཞུང་ལ་ཁས་ལེན་ཐོག་མ་བྱས་པ་དེ་ཕྱི་ལོ་༡༩༥༤ ལོར་རྒྱ་དཀར་ནག་དབར་བཞག་པའི་ཆིངས་ཡིག་དོན་ཚན་ལྔ་ཅན་(པན་ཆི་ཤེལ)དེ་ཡིན་པ་དང། སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་སྐབས། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་པའི་སྐབས་ཡིན་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་དང། ༧པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་སྡེ་པ་གཞུང་གི་གནད་ཡོད་ཁག་དང། ཁམས་དང་ཨ་མདོའི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད། ༧གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གནང་དགོས་བྱུང་བའི་རྗེས་སུ་ཨ་སམ་ཏེ་ཛ་པུར་ནས་དོན་ཚན་བཅུ་བདུན་རྩིས་མེད་ཡིན་པའི་ཁྱབ་བསྒྲགས་མ་གནང་གི་བར་དུ་རྒྱ་གཞུང་གིས་བརྡལ་བཤིག་བཏང་ཡང་བོད་པའི་ངོས་ནས་བརྩི་འཇོག་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་ཏུ་གྱུར་པ་རེད།

སྐབས་དེ་ལྟ་བུ་ཞིག་ལ་རྒྱ་གར་གྱི་སྲིད་བློན་གྱིས་དེ་ལྟར་མི་བརྗོད་པར་གཞན་ཞིག་བརྗོད་ཐབས་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་སུས་བལྟས་ཀྱང་ཧ་ཅང་གསལ་པོ་རེད། ལོ་རྒྱུས་ཆ་ཚང་མི་ཤེས་མཁན་ཚོས་གནད་དོན་ངོ་མ་ལས་བརྒལ་ནས། ཁུངས་མེད་ཀྱི་བཤད་ཡམས་རེ་ཟུང་གི་རྗེས་སུ་འབྲངས་ནས་རྒྱ་གར་གཞུང་གི་བཀའ་དྲིན་ཇི་བཞིན་དྲན་མི་ཐུབ་པའི་གནས་སྟངས་བྱུང་ན་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད། དེར་བརྟེན་རྒྱལ་ཁབ་གཞན་གྱི་དཔོན་རིགས་ཁག་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཙམ་དང་མི་འདྲ་བར། རྒྱ་གར་གཞུང་གིས་ཕྱི་ཙམ་ནས་འགྲེལ་བརྗོད་ག་རེ་བརྒྱབ་མིན་ལ་མ་ལྟོས་པར་དོན་དམ་པར་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་བོད་གཞུང་ཞིག་བཙུགས་ནས་བསྡད་ཡོད་པ་དང། ཤེས་ཡོན་དང་འཛིན་སྐྱོང་གང་ཐད་ནས་རོགས་རམ་ཆེ་ཤོས་རྒྱ་གར་གཞུང་གིས་གནང་གི་ཡོད།

དེར་བརྟེན་མདོར་བསྡུས་ན་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་གདེང་འཇོག་དང་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་པ་བཞིན། བོད་པའི་ཆོས་དང་རིག་གཞུང་ཕལ་མོ་ཆེའི་འབྱུང་ཁུངས་ལྟ་བུར་གྱུར་པའི་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ནི། གཞན་སུ་གང་དང་ཡང་བསྡུར་ཐབས་མེད་པར་ཁ་ཞེ་གཉིས་མེད་དང། རྒྱ་གར་རང་ཉིད་ཀྱི་ཁེ་ཕན་གང་ཞིག་ལ་དམིགས་པ་ཞིག་མིན་པར། བོད་པར་ཤ་ཚ་དང་སྙིང་ཉེ་བའི་ཐོག་ནས་གནང་གི་ཡོད། དེར་བརྟེན་རྒྱ་གར་གཞུང་གི་བཀའ་དྲིན་ནི་ལོ་རྒྱུས་ཀྱི་ཐོག་ནས་བརྗེད་མི་རུང་བ་ཞིག་དང། ད་ལྟའི་གནས་སྟངས་ཐོག་ནས་བརྗོད་ཀྱང་གཏན་ནས་བརྗེད་མི་རུང་བ་ཞིག་ཏུ་གྱུར་ཡོད་པ་རེད།།