སྙིང་གི་ན་ཟུག
གང་ཞིག་ལུས་ལ་ཀུན་ནས་མེ་འབར་བས།།
སྲོག་གི་དབང་པོ་རིམ་བཞིན་འགག་པ་ལ།།
བསྟོད་སྨད་ཚིགས་ཀྱི་རེ་དོག་དབེན་ན་ཡང་།།
མི་བཟོད་དབུགས་ཀྱི་རྒྱུ་བ་ལྷོག་ལྷོག་རྒོད།།
མེ་སྟག་ཕྲ་མོས་བཏབ་པ་ཙམ་ལ་ཡང་།།
ཡུད་ཙམ་མི་བཟོད་གཡབ་པའི་ལས་ལ་རྩོན།།
ལྕགས་ཐག་སྐུད་པས་ལུས་ཀུན་དཀྲིས་པ་ཡི།།
མེ་དཔུང་འབར་བའི་ཀློང་དེར་ཇི་ལྟར་བཟོད།།
ཞེ་སྡང་འཇོམས་མཛད་ཁྲོ་རྒྱལ་འབར་བའི་སྐུ།།
དཔའ་བོའི་གད་རྒྱངས་རི་མོའི་མར་མེ་ཙམ།།
མ་རུང་འཇོམས་མཛད་བྱམས་བརྩེ་འབར་བའི་ལུས།།
བསྐལ་མང་ཉལ་བའི་དུས་མཐའ་ཡོམ་ཡོམ་བསྒུལ།།
དབང་མེད་ལུས་ལ་འབར་བའི་མེ་ལྕེ་ནི།།
གཡོ་མེད་ཏིང་འཛིན་བསྒོམ་ལས་མ་འཁྲུངས་ཤིང་།།
འགོག་མེད་བདེན་པའི་མཐུ་ལས་མ་རྙེད་པས།།
བཟོད་མེད་ན་ཟུག་ཚོར་སྣང་ཀློང་ནས་ཐོབ།།
ཕྱི་ནང་ལམ་བར་ཁྲི་ཕྲག་རི་ཡིས་བཅད།།
མ་ངེས་སྐྱིད་སྡུག་སེམས་ཀྱིས་སེམས་ལ་བཅོལ།།
འུད་སྒྲོག་རླུང་པོའི་འཚུབ་མ་རེ་རེས་ཡང་།།
མེ་ལྕེའི་འུར་ལངས་གསོས་པ་མི་ཉུང་ཙམ།།