༧པཎ་ཆེན་བཅུ་པ་ཆེན་པོའི་གམ་བཅར་ལྷ་བྲིས་སྐུ་གཤེགས་འདུག

gen_la_1ཟླ་༡ ཚེས་༡༦ རེ་གཟའ་ལྷག་པའི་ཉིན་༧པཎ་ཆེན་བཅུ་པ་ཆེན་པོའི་གམ་བཅར་ལྷ་བྲིས་དབུ་ཆེན་དཀའ་ཆེན་བློ་བཟང་ཕུན་ཚོགས་དགུང་གྲངས་ ༧༨ སྟེང་ལྷ་སར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བོད་རིགས་མི་མང་གིས་མི་ལོ་སྟོང་ཁྲག་རིང་ཕ་ཚ་བུ་བརྒྱུད་ཀྱིས་བློ་གྲོས་ཀྱི་སྙིང་བཅུད་ལས་གསར་བསྐྲུན་དང་ཉར་ཚགས་བྱས་པའི་སྐུ་གསུང་ཐུགས་རྟེན་རྣམས། རྒྱ་ནག་གཞུང་གིས་བོད་དུ་རིག་གནས་གསར་བརྗེ་དང་རྙིང་བཞི་རྩ་གཏོར་བྱེད་པའི་སྐབས་རྩ་མེད་གཙང་དག་བཟོས་ཟིན། ལོ་རབས་ ༨༠ པའི་ནང་བོད་མི་མང་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཕྲན་བུ་ཐོབ་ཀྱང་། ཕྱག་མཆོད་དང་དད་བསྐུར་ཞུ་སའི་ཐུགས་རྟེན་རྩ་བ་ནས་མེད་པའི་ཡིད་སྐྱོའི་གནས་ཚུལ་གསེལ་ཆེད། དཀའ་ཆེན་བློ་བཟང་ཕུན་ཚོགས་ལགས་ཀྱིས་༸པཎ་ཆེན་བཅུ་པ་ཆེན་པོའི་ལྗགས་བཀོད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཞུས་ངོ་བཞིན་གྲུབ་མཐའ་རིས་མེད་ཀྱི་སྐུ་ཐང་ལྔ་ཆགས་ཚན་པ་དང་། བཅུ་གཅིག་ཚན་པ་སོགས་བྲིས་ཏེ་པར་དུ་བཏབ་ནས་བཀྲམས་པས། བོད་མི་དམངས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད་ལ། ཁོང་གིས་ཕྱག་སོར་ལས་ཐོན་པའི་རིས་མེད་སྐུ་ཐང་ལྔ་ཆགས་ཚན་པ་དང་། བཅུ་གཅིག་ཚན་པ་མེད་པའི་ཁྱིམ་ཚང་ཞིག་ཆོལ་གསུམ་བོད་མིའི་ཁྱོད་དུ་ཧ་ལམ་མེད་དུ་པའི་ཚོད་དུ་གྱུར་ཡོད།

gen_la_2༧པཎ་ཆེན་བཅུ་པ་མཆོག་གིས་༧པཎ་ཆེན་རིན་པོ་ཆེས་དེང་གི་ཆར་རིག་གནས་གསར་པ་དར་ཁྱབ་ཆེ་བས་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་ལྡན་པའི་ལག་ཤེས་རྩ་ཉམས་སུ་འགྲོ་བའི་ཉེན་ཁ་ཆེན་པོ་འདིར་དོ་སྣང་བྱེད་རྒྱུ་ལྡེང་གི་མེད་པ་རེད། དཔེར་ན། ལྷ་བྲིས་ལ་ཆ་མཚོན་ན། ཧྭོག་གཟིགས་འབྲི་སྲོལ་དར་ཁྱབ་ཁོ་ན་ལས། བོད་རིགས་ཀྱི་སྲོལ་རྒྱུན་ལྡན་པའི་ཐང་ག་དང་ལྡེབས་བྲིས་འབྲི་སྲོལ་དར་ཁྱབ་གཏོང་ཐབས་བྱེད་ཀྱི་མེད་པ་དང་། འཚེམས་གྲུབ་དང་། ལྷན་འདེབས་ཀྱི་སྐུ་ཐང་བཟོ་རྩལ་དེ་བས་ཡོད་ཀྱི་མ་རེད། དཀའ་ཆེན་ཁྱོད་ཀྱིས་སློབ་ཕྲུག་མང་ཙམ་གསོ་སྐྱོང་བྱས་ནས་ལྷ་བྲིས་ཀྱི་ལག་རྩལ་དེ་དག་སྤེལ་དགོས། དེ་སྔ་བླ་བྲང་གི་ལྷ་བྲིས་དབུ་ཆེན་ཚོར། སྔ་རབས་གཙང་བྲིས་ཁུངས་གཏུགས་ཀྱི་བྲིས་དཔེ་ཁག་སྤྲོད་དེབ་ཡོད་པ་དེ་བཞིན་ད་ལྟ་རྙེད་ཐོན་མེད་ན། ཕྱི་རབས་པར་མཁོ་བའི་ཐིག་རྩ་དཔེ་རིས་དང་བཅས་པ་གསར་བསྒྲིགས་བྱ་དགོས། དེ་ལྟར་བྱུང་ན་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་ཉམས་བརླག་མི་འགྲོ་བ་ཡོང་གི་རེད། ད་ལྟའི་གནས་ཚུལ་ལ་བལྟས་ན་ལག་རྩལ་གསར་པ་ཇི་བཞིན་ཤེས་མ་ཐུབ་པར། རྙིང་པ་རྦད་དེ་བརླག་ཚར་ནས་ཆ་འཇོག་བྱེད་ས་གང་ཡང་མེད་པ་ཞིག་ཏུ་འགྱུར་བཟོ་འདུ་ན། དེ་ལུགས་ཁུངས་སོ་སོའི་རྒན་རབས་ཚོས་འགན་བླངས་ཏེ་གཞོན་པ་ཚོར་ལག་རྩལ་སྤེལ་ཐབས་བྱེད་དགོས། ལྷ་བྲིས་ཀྱི་སྐོར་དེ་ནི་དཀའ་ཆེན་ཁྱོད་རང་ལ་འགན་ཡོད་ཅེས་བཀའ་ནན་ཡང་ཡང་ཕེབས་ཡོད། དཀའ་ཆེན་མཆོག་གིས་༸པཎ་ཆེན་བཅུ་པ་ཆེན་པོའི་བཀའ་གསུང་དང་ལེན་གྱིས། ལོ་རབས་ ༨༠ པ་ནས་འགོ་བཙུགས་ཀྱིས་སྨན་ཐང་གསར་པའི་ལུགས་ཀྱི་ལྷ་བྲིས་པ་གསོ་སྐྱོང་གནང་བས། ད་ལྟའི་བར་བོད་ཁུལ་ཡོངས་ལ་མཚན་སྙན་དང་ཤུགས་རྐྱེན་ཡོད་པའི་གཡང་པ་ཕུན་ཚོགས་རྡོ་རྗེ་སོགས་སྨན་ཐང་གསར་པའི་ལྷ་བྲིས་པ་གྲགས་ཅན་ཉི་ཤུ་རྩ་ལྔ་ཙམ་ཞིག་སྐྱེད་སྲིང་གནང་ཞིང་། ལོ་རབས་ ༨༠ ནང་བྲིས་རྒྱུན་ལ་མཁོ་བའི་ཐིག་རྩ་དང་ལྡན་པའི་ལྷ་སྐུ་དཔེ་རིས་ཤིན་ཏུ་དཀོན་པར་གཟིགས་ཏེ། ཕྱིས་རབས་པ་རྣམས་ཀྱི་ལྷ་སྐུ་ཐིག་ཡིག་ཁུངས་གཏུགས་ཚར་འཕེར་ཡོང་ཕྱིར། དཔེ་རིས་མང་པོ་ཁུངས་གཏུགས་དང་། དགེ་བའི་བཤེས་གཉེན་གྱི་མན་ངག དམ་པ་ཁོང་རང་གི་ཉམས་མྱོང་དང་རིག་པས་ཁ་བརྒྱན། ཨ་མདོ་བྱམས་པ་དང་། བསྟན་པ་རབ་རྒྱས། བཀྲ་ཤིས་ཚེ་རིང་། རིག་འཛིན་དཔལ་འབྱོར། འཕྲིན་ལས་ཆོགས་འཕེལ། སྟོགས་རྒྱས་སོགས་ལ་གོ་བསྡུར་གནང་སྟེ། (སངས་རྒྱས་བྱང་སེམས་དང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཆ་ཚད་དཔེ་རིས་དང་བཅས་པ་གསལ་བའི་རི་མོ་དོན་ལྡན་ཀུན་གསལ་མེ་ལོང་)ཞེས་པའི་དཔྱད་དེབ་བརྩམས་གནང་མཛད་ཡོད།

དཀའ་ཆེན་བློ་བཟང་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༣༥ ལོར། གཙང་ཁུལ་གཞིས་རྩེའི་ནུབ་ངོས་གནས་གྲོང་ཚོའི་བདེ་སྐྱིད་གླིང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་ ༩ ལ་སོན་སྐབས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་གནང་། དགུང་ལོ་ ༡༢ ལ་སོན་སྐབས་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཙུགས་བའི་ལྷ་བྲིས་ཁང་དུ་ཞུགས་ཏེ། ༸པཎ་ཆེན་བཅུ་པ་ཆེན་པོའི་གམ་བཅར་ལྷ་བྲིས་དབུ་ཆེན་ཆོས་དར་ལགས་དང་། ཤི་ལོག་ལ་སོགས་བརྟེན་ནས་ལྷ་བྲིས་སློབ་གཉེར་གནང་བས་རིག་པ་བཟོའི་གནས་ལ་མཁས་པའི་ཡངས་རྩེར་སོན་ཞིང་། རིམ་པས་༸པཎ་ཆེན་བཅུ་པ་ཆེན་པོའི་གམ་བཅར་ལྷ་བྲིས་གནང་སྟེ། ཕྱི་ལོ་ ༡༩༥༨ ལོར་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་གི་ཚོན་གསོལ་དང་། ཕྱི་ལོ་ ༡༩༦༢ ལོར་ལྷ་སར་བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་ཚོན་གསོལ་ཐུགས་འགན་བཞེས། ལོ་རབས་ ༦༠ ནང་༸པཎ་ཆེན་བཅུ་པ་ཆེན་པོར་དབུ་ཉེས་ཕོགས་སྐབས། དམ་པ་ཁོང་ཡང་མི་ལོ་ ༡༧ རིང་བསམ་ཡས་སུ་བཙོན་འཇུག་ངལ་བརྩོལ་བསྒྱུར་བཀོད་དུ་བཞུགས་དགོས་བྱུང་། ཕྱི་ལོ་ ༡༩༧༨ ལོར་༸པཎ་ཆེན་བཅུ་པ་ཆེན་པོ་བཙོན་གྲོལ་ཐོབ་པ་དང་དམ་པ་ཁོང་པེ་ཅིང་དུ་བཀའ་སྒུག་གིས། སླར་ཡང་ཞབས་ཕྱི་དང་གམ་བཅར་ལྷ་བྲིས་དབུ་ཆེན་གྱི་ཐུགས་འགན་བཞེས་ཏེ། སྔ་ཕྱིར་རིས་མེད་སྐུ་ཐང་ལྔ་ཆགས་ཚན་པ་དང་། བཅུ་གཅིག་ཚན་པ་སོགས་བྲིས་ཐང་དང་། མཆོད་ཁང་ཤར་༸པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་དང་། ༸པཎ་ཆེན་བཅུ་པའི་གདུང་རྟེན་སྲིད་གསུམ་རྣམ་རྒྱལ་སོགས་ཀྱི་ལྡེབས་བྲིས་ཀྱི་དབུ་ཆེན་ཐུགས་འགན་ཡང་བཞེས་ཡོད།

གནས་ཚུལ་མཁོ་སྤྲོད་པ། ནུབ་རྒྱ་བུ་ཆུང་དང་། གཙང་ཕྲུག་སྟོབས་ལགས།