མདོ་སྨད་འབོ་ར་ནས་རང་སྲེག་ངོ་རྒོལ།

མདོ་སྨད་འབོ་ར་ནས་བོད་མི་དཀོན་མཆོག་སྐྱབས་ཞེས་པ་ཞིག་གིས། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག

དེ་ཡང་དྷ་སར་གནས་སྡོད་ལྷ་ཆབ་སྦྱིན་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་ཆུ་ཚོད་༡༢ ཀྱི་སྟེང་བོད་ཨ་མདོའི་བླ་བྲང་འབོ་ར་ནས་དཀོན་མཆོག་སྐྱབས༼དཀོན་བྷེ༽ཞེས་པས། འབོ་ར་དགོན་པའི་ཉེ་འགྲམ་ནས་རང་ལུས་མེར་སྲེག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག་པ་དང་། ཁོང་ད་ལྟ་རང་ལོ་༢༣ ཙམ་དང་། ཆུང་མའི་མིང་ལ་མཁར་མོ་ཐར་ཟེར་གྱི་ཡོད་ཅིང་། ཁོང་གཉིས་ལ་ཟླ་ངོ་༩ ལས་ཟིན་མེད་པའི་བྱིས་པ་ཆུང་ཆུང་ཞིག་ཀྱང་ཡོད་པ་རེད། ཁོང་གི་ཕ་རྡོ་རྗེ་ཚེ་བརྟན་སྔ་ས་ནས་གྲོངས་ཡོད་པ་དང་། ཨ་མའི་མིང་ལ་རིན་ཆེན་འཚོ་ཟེར་གྱི་ཡོད་འདུག དཀོན་མཆོག་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་སྐུ་གྲོངས་མེད་ཡོད་སྐབས་ཐོག་དེར་གསལ་རྟོགས་བྱུང་མེད་ན་ཡང་། ཕྱིས་སུ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། འདས་པོ་ཁོང་རང་ལུས་མེར་སྲེག་སྐབས་དེ་རང་ལ་སྐུ་གྲོངས་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་གི་སྐུ་ཕུང་བཙན་འཕྲོག་གིས་དཀར་རྩི་བླ་བྲང་དུ་ཁྱེར་ཡོད་འདུག་ལ། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་གྲྭ་བ་གཅིག་ཀྱང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པར་བརྟེན། འདས་པོ་ཁོང་གི་ནང་མི་དང་ས་གནས་མི་མང་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག