བདེན་དོན་རྩོད་ཀྱི་ཡོད་པ་ཚན་རིག་པ་དང་གཅིག་མཚུངས་ཡིན།

dalia_lama_2013_1_22རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀ་མངའ་སྡེ་ཀར་ཝར་རྫོང་ཁོངས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞིས་བྱས་པའི་འབྲས་སྤུངས་སུ་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་སེམས་དང་སྲོག་ཞེས་པའི་བརྗོད་གཞིའི་ཐོག་ཉིན་དྲུག་རིང་བགྲོ་གླེང་འཚོགས་སྟེ། ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་མཇུག་བསྡོམས་བརྒྱབ་ཡོད་པ་རེད།

བགྲོ་གླེང་སྐབས་ནུབ་ཕྱོགས་པའི་ཚན་རིག་གི་ལྟ་ཚུལ་དང་།  ཚན་རིག་གི་ཁྱབ་ཚད།   ཤེས་བྱ་དང་བདེན་པའི་རང་བཞིན།  དེ་བཞིན་དགོན་སྡེའི་ཚན་རིག་ལས་འཆར།  ཚད་རྡུལ་དངོས་རིག་དང་བདེན་དོན།  དེའི་ཤུགས་བསྟན།  ཀླད་པ་སྒྱུར་བཅོས་གཏོང་བ།  ཀླད་པའི་མཉེན་ཆ་ལ་དཔྱད་པ།  ་དེ་བཞིན་སའི་གོ་ལའི་ལོ་རྒྱུས།  རྒྱུན་རིང་བའི་དུས་ཡུན་གསར་རྙེད།  ནུབ་ཕྱོགས་ཚན་རིག་གི་ལྟ་གྲུབ་ནང་བཤད་པའི་རྣམ་ཤེས།   རྣམ་ཤེས་ལ་ལྟ་སྟངས།  ཚེ་སྲོག་གི་ལོ་རྒྱུས།  ང་ཚོ་གང་ནས་བྱུང་ངམ།  གཞན་ཡང་སློབ་གྲྭ་དང་འཕྲོད་བསྟེན་གྱི་བསྟི་གནས་ཁག་གི་ནང་སྒོམ་སྒྲུབ་ཉམས་ལེན་བྱེད་ཕྱོགས།   འགྲོ་བ་མིའི་སྤུས་ཚད་གོང་མཐོར་གཏོང་བ།  དགོན་སྡེའི་ཚན་རིག་ཤེས་ཡོན་གྱི་མ་འོངས་མདུན་ལམ།  ནང་ཆོས་དང་ཚན་རིག་དེང་རབས་ཀྱི་རང་བཞིན་ཞེས་པའི་བརྗོད་གཞི་ཁག་འདྲ་མིན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་ཆོས་ཚན་ཟུང་འབྲེལ་གྱི་སྒོ་ནས་བགྲོ་གླེང་ཉིན་དྲུག་རིང་གནང་ཡོད་པ་རེད།

dalia_lama1_2013_1_22དེ་ཡང་ཐོག་མར་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་པ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་འདི་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་དང་དེའི་རྒྱབ་ལྗོངས་དང་དམིགས་ཡུལ།  དེ་སྔོན་གྲུབ་འབྲས་གང་ཐོན་བཅས་ཀྱི་སྐོར་ལ་གསུང་བཤད་གནང་དོན།   རྩ་བས་དེང་སང་འཛམ་གླིང་ནང་གི་ཤེས་ལྡན་མི་སྣ་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་བློ་བཏང་ནས་གོ་ལ་གཅིག་གྱུར་ཟེར་བ་དེ་ཞེ་དྲག་རྩ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པ་རེད།  ང་ཚོས་དེའི་སྔོན་ནས་མི་ཙམ་མ་ཡིན་པར་མར་གྱུར་སེམས་ཅན་ཐམས་ཅད་ཟེར་ནས་སྐད་ཆ་ཤོད་སྡོད་ཀྱི་ཡོད་རེད།   ཡིན་ན་ཡང་དེ་དཔེ་ཆའི་ནང་ཡོད་པ་ཙམ་མ་ཡིན་པར་དོན་དངོས་ཐོག་ལག་ལེན་བྱས་ནས་ཕན་པ་སྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་འཆར་སྣང་གཞིར་བཟུང་གི་ཐོག་ཕྱག་ལས་གནང་བ་དང་མ་འོངས་པ་ཡིན་ན་ཡང་ང་ཚོའི་ངོས་ནས་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གཞིར་བཞག་གི་ཐོག་ཕྱག་ལས་གནང་རྒྱུའི་གྲོས་ཆོད་བཞག་ཚར་བ་རེད།  དེར་གྲུབ་འབྲས་ཐོན་རྒྱུའི་ཆེད་དུ་གདན་ས་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་པའི་གཙོས་ཚང་མས་རྒྱབ་སྐྱོར་ཧ་ལས་པའི་ཡག་པོ་གནང་སོང་།  གྲོས་ཆོད་བཞག་ཚར་བ་ཡིན་པས་ཕྱག་ལས་གནང་ཕྱོགས་ཐོག་འབད་རྩོན་གནང་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

དེ་དང་མཉམ་དུ་བོད་དང་ཚན་རིག་ལས་འཆར་གྱི་འགན་འཛིན་འབྲས་བློ་གླིང་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་དགོན་སྡེའི་ཚན་རིག་ཤེས་ཡོན་གྱི་མ་འོངས་མདུན་ལམ་མམ་གསར་རྗེའི་རང་བཞིན་ཅན་གྱི་ཤེས་ཡོན་ལས་འཆར་ལག་བསྟར་བྱེད་ཕྱོགས་ཀྱི་གོ་རིམ་ངོ་སྤྲོད་སྒྲོགས་སྦྱང་གནང་སོང་།

དེ་ནས་༧གོང་ས་སྐྱབས་མགོན་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་མཇུག་བསྡོམས་ཐོག་བཀའ་སློག་ལམ་སྟོན་གནང་དོནཚོགས་ཞུགས་པ་དང་སློབ་གཉེར་བ་ཡོངས་ཀྱིས་དོ་སྣང་ཆེན་པོ་ཚོར་བ་དང་ལྡན་པ་ཐོག་ནས་མཉམ་ཞུགས་བྱས་པ་ཙམ་དུ་མ་ཟད།  དྲི་བ་དྲིས་ལན་སྐབས་སུ་ཞེ་དྲག་ཡག་པོ་འདུག་ཅེས་ཚན་རིག་པ་ཚོས་དགའ་བོ་བྱེད་ཀྱིན་འདུག དེ་འདྲ་ཡིན་དུས་ད་ཐེངས་ཀྱི་བགྲོ་གླེང་དེ་ཕན་ཐོགས་བྱུང་སོང་བསམ་ནས་ཞེ་དྲག་དགའ་བོ་བྱུང་། ཁྲི་རིན་པོ་ཆེ་གཙོས་དགེ་འདུན་བགྲེས་སོང་རྣམས་པ་དང་སློབ་གཉེར་བ་རྣམས་པ་དེ་བཞིན་སློབ་ཕྲུག་རྣམས་པ་བཅས་ཚང་མའི་དོ་སྣང་ཞེ་དྲག་ཡག་པོ་གནང་སོང་ཐུགས་རྗེ་ཆེ་ཞུ་གི་ཡིན།   དེ་བཞིན་ཚན་རིག་པ་ཚོ་ལ་མཚོན་ན་ལོ་མང་རིང་གྲོགས་པོ་ཆགས་བསྡད་ཡོད་རེད།  གཅིག་གི་གཅིག་གདོང་པ་ངོ་ཤེས་པ་ཙམ་དུ་མ་ཟད་བསམ་བློ་ངོ་ཤེས་པ་ཆགས་ནས་ཕན་ཚུན་ཡིད་ཆེས་བློ་ཁེལ་གྱི་གྲོགས་པོ་ཆགས་བསྡད་ཡོད་པ་རེད། ཁྱེད་རང་ཚོས་ཀྱང་སོ་སོའི་དམིགས་བསལ་གྱི་སྡེ་ཚན་གང་གི་ནང་ཡིན་ན་ཡང་རྐང་འགན་ཁུར་ནས་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་གནང་དོན།  ལོ་མང་པོ་སྔོན་ནས་ང་རང་སྒེར་གྱི་ཚན་རིག་ལ་དོ་སྣང་འདྲ་བོ་བྱས་པ་ཡིན།  གནས་ཚུལ་གསར་པ་གང་ཡོད་པ་དེའི་རྒྱུ་རྐྱེན་གང་ནས་བྱུང་མིན་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱས་བསྡད་པ་ཡིན། ནང་པས་གཞུང་ནས་ཞིབ་འཇུག་བྱས། བརྟག་དཔྱད་བྱས་ནས་རྒྱུ་མཚན་ར་འཕྲོད་ཡོད་ན་ཁས་ལེན་བྱས་མེད་ན་བཏང་སྙོམ་དུ་འཇོག་གི་ཡོད་པ་བཞིན་མཐར་ཐུག་གི་དམིགས་ཡུལ་མི་འདྲ་བ་རེད་དེ།   བདེན་དོན་རྩོད་ཀྱི་ཡོད་པ་ཚན་རིག་པ་དང་གཅིག་མཚུངས་ཡིན་པས།  ནུབ་ཕྱོགས་པའི་ལྟ་གྲུབ་ཚན་རིག་གི་རྣམ་བཞག་དེ་དག་ངེས་པར་དུ་ཤེས་དགོས་ངེས་ཤིག་རེད།   དེའི་ནང་ལ་ལག་ཆ་གསར་པ་དེ་འདྲ་ང་ཚོ་ལ་ཚུར་ལེན་རྒྱུ་ཡོད་པ་དང་།  གཞན་རྗེས་སུ་འཛིན་པ་ལ་ཡང་ངེས་པར་དུ་དགོས་པ་ཞིག་རེད་དྲན་སོང་།  དེ་འདྲ་ཡིན་པས་བཤད་གྲྭ་ཚོའི་ནང་ལོགས་སུ་ཚན་རིག་ལ་སློབ་གཉེར་བྱས་ན་ཡག་པོ་འདུག་ཅེས་སོ་སོ་སྒེར་ངོས་ནས་སྤོབས་པ་རྙེད་ནས་གཏན་འདྲ་བོ་གང་མཚམས་ཁེལ་ནས་འབོད་སྐུལ་ཞུས་པ་ཞིག་ཡིན་ཞེས་སོགས་གསུངས་སོང་།

dalia_lama_2013_1_22

ཚོགས་འདུ་གྲོལ་རྗེས་སུ་མོན་གྷོ་ས་གནས་རྒྱ་གར་ཡུལ་མིའི་དབང་པོ་སྐྱོན་ཅན་གྱི་སློབ་གྲྭའི་སློབ་མ་ཡོངས་ལ་༧གོང་ས་གཆོག་གིས་ཟུར་དུ་ཐུགས་བརྩེ་བ་ཆེན་པོས་སྒོས་ནས་བཀའ་སློབ་གནང་དོན། ཁྱེད་རང་ཚོ་དབང་པོ་སྐྱོན་ཅན་ཆགས་ཡོད་ན་ཡང་།   ནང་བསམ་བློའི་ནུས་པ་འགྲོ་བ་མི་གཞན་དང་གཅིག་མཚུངས་ཡོད་པས།   ཡ་རབ་བཟང་སྤྱོད་ཀྱི་ཐོག་ནས་སློབ་སྦྱོང་ལ་ཧུར་ཐག་གནང་བ་ཡིན་ན་མི་གཞན་ལས་ལྷག་པའི་ནུས་པ་འམ་གྲུབ་འབྲས་ཤིག་ཏན་ཏན་ཐོན་ངེས་རེད་ཅེས་སོགས་ལམ་སྟོན་བཀའ་སློབ་གནང་སོང་ལ།  ཐེངས་འདིའི་སེམས་དང་སྲོག་གི་ཆོས་ཚན་ཟུང་འབྲེལ་གྱི་བགྲོ་གླེང་ཉིན་དྲུག་རིང་གི་ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་མཛད་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་ནས་ཉིན་འདིའི་སྔ་དྲོ་ཆུ་ཚོད་༡༠ ཙམ་གྱི་ཐོག་༧གོང་ས་མཆོག་སྐུ་འཁོར་དང་བཅས་པ།  མོན་གྷོ་ས་གནས་སེར་སྐྱང་ཡོངས་དང་གཞན་སེམས་དང་སྲོག་གི་ཚན་རིག་ལ་བཅར་མཁན་ཡོངས་བཅས་ཀྱིས་ཕེབས་སྐྱེལ་ཞུས་ཡོད་པ་དང་། ༧གོང་ས་མཆོག་རྒོ་བ་ས་ཁུལ་གྱི་གནམ་ཐང་བརྒྱུད་རྒྱ་གར་རྒྱལ་ས་དྷི་ལིར་ཆིབས་ཞལ་བསྒྱུར་གནང་འཆར་ཡོད་འདུག།

མོན་གྷོ་གསར་འགོད་པས།