སྦེལ་ཀོབ་བོད་མིའི་བོད་ནང་གདུང་སེམས་མཉམ་བསྐྱེད་བྱས་པ།
ཟླ་འདིའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀ་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༢༢ ཉིན་ཨ་མདོ་འབོ་ར་རུ་བོད་མི་དཀོན་མཆོག་སྐྱབས་ལགས་ཀྱི་བོད་བསྟན་སྲིད་རང་དབང་གི་ཆེད་དུ།
རྒྱ་ནག་གཞུང་གི་སྲིད་ཇུས་ལ་རང་ལུས་མེར་བསྲེག་གིས་ཞི་བའི་ངོ་རྒོལ་བྱས་ནས་རྐྱེན་འདས་སུ་སོང་བར་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་མཚན་ཚོགས་ཤིག་འཚོགས་ཡོད་པ་དང་། མཚན་ཚོགས་སྐབས་མི་མང་གིས་མར་རེ་ལག་ཏུ་ཐོག་ནས་བཟང་སྤྱོད་སྨོན་ལམ་དང་། ཚད་མེད་ཡོན་ཏན་སོགས་བསྔོ་སྨོན་བཏོན་སོང་། ལས་འགུལ་གོ་སྒྲིག་པ་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་དཀོན་མཆོག་སྐྱབས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་སྐོར་དང་འབྲེལ་བའི་བོད་ནང་གི་ཛ་དྲག་གནས་ཚུལ་ཁག་ངོ་སྤྲོད་བྱས་པ་དང་། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ནང་ངོ་མ་དེ་བོད་ནང་ཡིན་པ་དང་། གཞིས་ལུས་རྒྱ་ཆེ་མི་མང་གིས་སྙིང་སྟོབས་ཆེན་པོ་དང་། ཆོད་སེམས་བརྟན་པོ་བཅས་ཀྱིས་བོད་རང་དབང་སླར་གསོའི་ཆེད་རང་ལུས་མེ་རུ་སྦར་བཞིན་ཡོད་པ་དེ་ཚོ་སེམས་གཏིང་ནས་མ་བརྗེད་པ་བྱེད་རྒྱུ་དང་། ང་ཚོས་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་དག་གི་རེ་འདོད་དང་དགོས་འདུན་སྒྲུབ་ཆེད་ལས་འགུལ་སྤེལ་བ་དང་། ལས་འགུལ་ནང་མཉམ་ཞུགས་བྱ་དགོས་པའི་རེ་སྐུལ་གཏམ་བཤད་བྱས་སོང་། མེ་སོར་གསར་འགོད་པས།
