ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།
ཟླ་འདིའི་ཚེ་༢༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་དུ་“འཕགས་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་”པོད་དང་པོའི་ས་བཅད་སྒྲིག་ཕྱོགས་སོགས་ཀྱི་ཐོག་མཁས་པའི་བགྲོ་གླེང་ཞིག་ཉིན་གསུམ་རིང་འཚོགས་ཡོད་པ་རེད།
ཚོགས་ཐོག་ཏུ་ནང་པའི་ལྟ་གྲུབ་ཀུན་བཏུས་ལས་འཆར་ཚོགས་ཆུང་གི་འགན་འཛིན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྤྱིན་པ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན། དགེ་ལུགས་སྤྱི་འཐུས་རོང་པོའི་བློ་བཟང་སྙན་གྲགས་བཅས་ཀྱི་གཙོས་གདན་ས་གསུམ་གྱི་མཁན་ལས་ཟུར་དང་དགེ་བཤེས་ལྷ་རམ་པ་བཅས་མཁས་དབང་སུམ་ཅུ་ཙམ་མཉམ་འཛོམས་གནང་ཡོད་པ་རེད།

དེ་ཡང་ཐོག་མར་ཁྲོམ་ཐོག་རིན་པོ་ཆེས་དཔེ་དེབ་དེ་འདྲ་ཞིག་བཟོ་དགོས་དོན་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་གི་ཐོག་ནས་ཚོགས་ཆུང་ཆེད་འཛུག་གི་ལས་གཞི་འདི་ལག་བསྟར་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གསུང་བཤད་གནང་སྐབས། ལོ་གཉིས་ཀྱི་སྔོན་ལ་དྷ་སྟེང་བོད་ཁྱིམ་ནས་༧གོང་ས་མཆོག་གི་བོད་རིག་སློབ་ཕྲུག་ཚོར་བཀའ་ཆོས་གནང་སྐབས། ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ་དང་ཚན་རིག དེ་བཞིན་ཉམས་ལེན་བཅས་གསུམ་ཡོད་པ་རེད། ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་ཐོག་ནས་དཔེ་དེབ་ཞིག་བཟོ་ཐུབ་པ་ཡིན་ན། ནང་པ་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་གི་སྐྱེ་བོ་ཚང་མས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཏུ་གྱུར་ཐུབ་ན་དགེ་མཚན་ཞེ་དྲག་འདུག་ཅེས་སོ་སོ་ལ་བཀའ་གནང་བ་རེད། དེ་གཞིར་བཟུང་གི་ཐོག་ནས་ང་ཚོ་ཚོགས་ཆུང་ཟུར་འཛུག་བྱས་ནས། དང་པོ་ཚོགས་ཆུང་ངོས་ནས་ས་བཅད་ཉི་ཤུ་རྩ་གྲངས་ཤིག་བཟོས་ནས་གདན་ས་ཁག་གི་མཁས་དབང་བདུན་ཅུ་ཙམ་ལ་དཔྱད་ཞིབ་གནང་སར་ས་བཅད་ཕུལ་ནས་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་ཐོག་ནས་ཕྱོགས་བསྒྲིག་བྱས་པ་རེད། དེ་རྗེས་སུ་གདན་ས་གསུམ་ནང་ཕྱག་དཔེ་དང་སུམ་རྟགས་སོགས་ལ་ཡག་པོ་ཡོད་པ་དྲུག་ཙམ་དྷ་སར་གདན་འདྲེན་ཞུས་ནས་རྩོམ་སྒྲིག་གནང་བ་རེད་ཅེས་དེབ་དེའི་རྩོམ་སྒྲིག་གི་བརྒྱུད་རིམ་སྐོར་གསུངས་སོང་།
དེ་རྗེས་སུ་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་ཀྱིས་དེབ་ཀྱི་སྒྲོམ་གཞི་དང་ས་བཅད་སྒྲིག་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས་ཚོགས་བཅར་བ་ཡོངས་ཀྱིས་དགོངས་ཚུལ་རིམ་པའི་གསུངས་སོང་།
མོན་གྷོ་གསར་འགོད་པས།
