གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ།
ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ ཙམ་གྱི་ཐོག་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་ཕུན་ཚོགས་འབྱུང་གནས་ཞེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་ཕུན་ཚོགས་འབྱུང་གནས་ཀྱིས་གསེར་རྟ་རྫོང་གི་གསེར་རྟའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན། ཡིག་ཆ་གཏོར་ཡོད་འདུག་ཀྱང་། ཡིག་ཆའི་ནང་ག་རེ་བྲིས་ཡོད་མེད་གསལ་པོ་ཤེས་རྟོགས་བྱུང་མེད་པོ་དང་། རླུང་རྟ་འདྲ་པོ་ཞིག་ཡིན་འདུག ཁོང་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང་། མགོ་རས་ཀྱིས་བཀབ་སྟེ་ཁྲིད་ཡོད་འདུག
ཁོང་ད་ལྟ་རང་ལོ་༢༠ ཡིན་པ་དང་། ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་སྟག་རྩེད་ཡུལ་ཚོ། རྐང་ཚ། སྡེ་པ་ནས་ཡིན་པ་རེད། ཁོང་གི་ཕ་མིང་བློས་ཤེར་དང་། མ་མིང་ལ་ཤུགས་པོ་ཟེར་གྱི་ཡོད་འདུག །
