གཟེངས་རྟགས་དང་སེམས་འཁོན།།
༧གོང་ས་སྐྱབས་མགོན་ཏ་ལའི་བླ་མ་མཆོག་ལ། རང་རྒྱལ་མ་ཡིན་པའི་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་མང་པོ་ཞིག་གིས། ཆེ་མཐོང་དང་བོད་རྒྱ་མས་བཙན་བཟུང་བྱས་པ་ལ་རོགས་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་མཚོན་བྱེད་ཆེད་དང་། གཞན་ཡང་བོད་ཀྱི་གདོད་མིའི་མི་རིགས་ཀྱིས་མི་ལོ་མང་པོའི་རིང་ལ་རྒྱ་གར་གྱི་ཆོས་ལུགས་ནང་པ་སངས་རྒྱས་པའི་གྲུབ་མཐའ་དེའི་ཚེ་སྲོག་ཆད་མ་བཅུག་པར་འཛིན་སྐྱོང་དང་དར་སྤེལ་བྱས་པ་ལ་ཆེ་མཐོང་སོགས་ཀྱི་ཆེད་དུ།
གཙོ་བོ་བོད་མི་ས་ཡ་དྲུག་གི་མཚོན་དོན་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཞི་བདེའི་གཟེངས་རྟགས་དང་རྒྱལ་ཁབ་ཁ་ཤས་ཀྱི་རྒྱལ་ཁོངས་ཐོབ་ཐང་དང་དེ་མིན་ལེགས་སྐྱེས་སོགས་གང་མང་མང་ཞིག་ཐོབ་པ་དེ་ནི་བོད་མི་ས་ཡ་དྲུག་གི་ཕ་མེས་ཀྱིས་གོམ་སྲོལ་དང་རིག་གཞུང་དེ་རྣམས་རྒྱུན་འཛིན་དང་དར་སྤེལ་བྱས་པས་གྲུབ་འབྲས་བཟློག་མེད་ཉག་གཅིག་ཏུ་འཁུམ་ན། ང་ཚོས་ངེས་པར་དུ་གདོད་མིའི་བོད་རྒྱལ་རབས་རིམ་བྱོན་སྐབས་ཀྱི་ཕ་མེས་མི་རིགས་བཟང་པོ་ཚོས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་མི་རབས་དང་མི་རབས་དུ་མའི་རིང་གི་བོད་ཀྱི་ཕུག་ནོར་གསེར་དངུལ་སོགས་ཀྱིས་འགྲོ་གྲོན་ཆེན་པོ་བཏང་ནས་ཉོས་པས་རིན་བབས་དང་། ལུས་ཀྱི་ཟུངས་ཁྲག་དྲོན་མོའི་བཞུར་རྒྱུན་དང་ཤ་རུས་རི་བོ་ལྟར་རྩིག་པར་བཀྲམ་པས་གྲུབ་འབྲས་ཀྱི་རྒྱ་གར་ནང་ཆོས་བོད་ལ་ལོན་ཅིང་ཤུལ་བཞག་བཟང་པོ་འདི་འདྲ་བཞག་པ་ལ་བོད་མི་རེ་རེའི་ངོས་ནས་རྗེས་སུ་ཡི་རང་དང་བཀའ་དྲིན་ཚོར་ཤེས་ཤིག་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོར་སྣང་། དེ་ལྟར་ཕ་མེས་ཀྱི་གཅེས་ནོར་དམ་པ་དེས་མཐུ་དང་བཀའ་དྲིན་ཡིན་པ་མ་ཟད་རྒྱ་དམར་དྲགས་པོས་བོད་འདི་བཙན་རྒོལ་འོག་ལ་བླངས་པས་ཤུགས་རྐྱེན་ལ་བརྟེན་ནས། རྒྱལ་སྤྱིའི་འགྲོ་བ་མིའི་རིགས་ལ་གཅིག་མཐུན་ལྟར་བྱམས་བརྩེའི་ལྟ་སྐྱོང་འོག་ནས་བོད་མི་ས་ཡ་དྲུག་པོ་ལ་སྡུག་གི་མཆི་མ་གཅོད་ཐབས་ཙམ་དང་ཕ་མེས་བཟང་པོ་ཚོས་རིག་གཞུང་དར་སྤེལ་བྱས་པ་ལ་ཐུགས་རྗེ་བཀའ་དྲིན་མཚོན་བྱེད་ཀྱི་གྲངས་ཀ་མང་བའི་ལེགས་སྐྱེས་མང་པོ་ཞིག་ཕུལ་འབྱོར་བྱུང་ཡོད་ནའང་། དེང་སང་བཞུགས་སྒར་རྡ་སའི་དཀོར་མཛོད་ནང་ནས་རྟགས་མ་མང་པོ་ཞིག་རྐུན་མ་ལ་ཤོར་འདུག་པ་ཐོས་བྱུང་བ་དེས་སྙིང་ལ་མི་བཟོད་པའི་ཚེར་མ་རྣོན་པོ་ཞིག་ཏུ་གྱུར་བྱུང་། གཏམ་དེ་མི་བེདན་པར་ཤོག །དངོས་གནས་བདེན་ན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་གཙོའི་བོད་མི་ས་ཡ་དྲུག་པོ་ལ་བསམ་བཞིན་དུ་གདོང་ལ་བལྟས་ནས་སྙིང་ལ་གྲི་བཙུག་པ་དང་གཅིག་མཚུངས་རེད། དེར་མ་ཟད་གཟེངས་རྟགས་དེ་ཚོ་ནི་ད་ལྟའི་ཆར་བོད་དོན་ལ་སྐུ་སྲོག་ཤོར་བ་སྤྱི་དང་དགོས་སུ་བོད་མི་བརྒྱ་ལྷག་ཅིག་གིས་སྐུ་ལུས་མེ་དཔུང་ནང་ལ་ཞུགས་འབུལ་བྱས་ནས་བོད་མིའི་འཐབ་རྩོད་བྱེད་མཁན་ཚོའི་དཔའ་བོའི་གཡུལ་ལ་ཤི་བས་དཔའ་དར་རམ་གཟེངས་རྟགས་ཤིག་ལ་ངོས་འཛིན་བྱེད་དགོས་ཆགས་ཀྱི་འདུག །གང་ཡིན་ཞེ་ན། གཟེངས་རྟགས་དེ་ཚོ་ནི་རྒྱལ་སྤྱིའི་གནང་བས་བོད་མི་ས་ཡ་དྲུག་གི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ལུས་ཤ་ཁྲག་གི་རིན་བབས་ཀྱི་མཚོན་རྟགས་སམ་མཚོན་དར་རྐྱང་རེད། ༧གོང་ས་མཆོག་ནི་རྒྱལ་སྤྱིའི་སྒང་ནས་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པའམ་མཚོན་རྟགས་དེ་རེད། ཇི་སྲིད་བོད་མི་རེ་རེའི་ཁ་ནས་༧གོང་ས་ཞེས་པའི་ཚིགས་དེ་མ་བོར་བར་དེ་སྲིད་དུ་༧གོང་ས་ནི་བོད་མི་སྤྱི་ཡི་སྤྱི་མིང་ཡིན་ལ་བོད་ཅེས་པ་ནི་༧གོང་ས་ཏ་ལའི་བླ་མའི་ལུས་ངག་ཡིད་གསུམ་ཡིན།
