གདུང་སེམས་མཉམ་བསྐྱེད་ལས་འགུལ་འགོ་འཛུགས།

news_photo_2013_1_29ཕྱི་ལོ་༢༠༡༣ ཟླ་༡ ཚེས་༢༩ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་ཁང་དུ། བཀའ་སྤྱི་ཐུན་མོང་ནས་དབུ་ཁྲིད་གནང་བའི་ཉིན་༤ རིང་

གི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་བ་དང། སྐབས་དེར་ཕྱི་རྒྱལ་དང་རྒྱ་གར་གྱི་གསར་འགོད་པ་བརྒྱ་ཕྲག་གཅིག་ཙམ་སླེབས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་རྒྱ་གར་གསར་འགོད་པའི་མཐུན་ཚོགས་(Press Club of India)ཀྱི་ཚོགས་ཁང་དུ། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང། རྒྱལ་སྤྱིའི་ཐོག་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་དང་ཡིད་སྐྱོ་དགོས་པའི་གནས་སྟངས་མཁྱེན་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད། ཕྱི་ལོ་༢༠༡༣ ཟླ་༡ ཚེས་༣༠ ནས་ཕྱི་ཟླ་༢ ཚེས་༢ བར་ཉིན་བཞིའི་རིང། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ཆེན་མོ་སྤེལ་འཆར་དང་འབྲེལ་བའི་ངོ་སྤྲོད་ཆེད་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང། སྐབས་དེར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉིན་བཞིའི་རིང་གི་ལས་འགུལ་གྱི་མཛད་རིམ་སྐོར་ངོ་སྤྲོད་དང་འབྲེལ་ལས་འགུལ་རིང་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ཨ་ཌཱ་ཝ་ནི་(Shri L.K Advani)མཆོག་དང། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་པའི་རྒྱ་གར་གྱི་ཆོས་སྲིད་ཀྱི་གལ་ཆེའི་མི་སྣས་གསུང་བཤད་དང། སྨོན་ལམ། རྒྱ་གར་མི་མང་གང་མང་མཉམ་ཞུགས་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་།

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སྤྱི་དང་། རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་བྱུས། བོད་རྒྱའི་འབྲེལ་མོལ་གྱི་བརྒྱུད་རིམ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། དམིགས་བསལ་༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་བརྒྱ་ཕྲག་གཅིག་ལ་ཉེ་བས་རང་ལུས་མེ་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་སོགས་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་པ་རེད།

news_photo1_2013_1_29གསར་འགོད་ལྷན་ཚོགས་དེར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་བརྒྱུད་ལམ་ཁག་སོགས་ཕྱི་ནང་གསར་འགོད་པ་གྲངས་༡༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང། ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་རྒྱ་གར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་། བོད་རྒྱ་ཞི་མོལ་གྱི་གནས་བབས།  རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་མཉམ་དཔལ་འབྱོར་གྱི་འབྲེལ་བ་བཞག་སྟངས། རྒྱལ་སྤྱིའི་ཐོག་ཏུ་ད་ལྟའི་རྒྱ་ནག་གི་གནས་བབས། རང་ལུས་མེ་སྲེག་སྐོར་ལ་རྒྱལ་སྤྱིའི་བལྟ་སྟངས་སོགས་གལ་ཆེའི་བཀའ་འདྲི་ཞུས་པར་ལན་འདེབས་གནང་ཡོད་པ་རེད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྒྲིག་སྦྱོར་གནང་བའི་རང་ལུས་མེ་སྲེག་དང་འབྲེལ་བའི་སྐོར་གྱི་གློག་བརྙན་སྐར་མ་༦ ཅན་གཟིགས་འབུལ་ཞུས་པ་དང། དེ་བཞིན་ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པས་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་གིས། བོད་ཀྱི་ལོ་རྒྱུས་གནས་བབས་དང། རྒྱ་དམར་གཞུང་གིས་བོད་ནང་དུ་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བའི་སྐོར། ལྷག་དོན་ཕྱི་ལོ་༢༠༠༩ ལོ་ནས་བཟུང་བོད་ནང་དུ་རང་ལུས་མེར་སྲེག་སྔ་རྗེས་བཏང་བའི་གནས་ཚུལ་སོགས་བཅས་གསལ་བའི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་འདུག

སྐབས་དེར་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱི་མཚན་ཐོག་ནས་བོད་ཡིག་དང། དབྱིན་ཇི། ཧིན་རྡི། རྒྱ་ཡིག ཨུར་དྷུ་བཅས་ཀྱི་ནང་གསལ་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང། བསྒྲགས་གཏམ་དེའི་ནང་དུ་“རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་བཞིན་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༣༠ ནས་ཟླ་༢ པའི་ཚེས་༢ བར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་གོ་སྒྲིག་བྱེད་བཞིན་ཡོད།

ང་ཚོས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དང་། རྒྱལ་སྤྱིའི་ཐོག་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་དང་ཡིད་སྐྱོ་དགོས་པའི་གནས་སྟངས་མཁྱེན་རྟོགས་དང་རྒྱབ་སྐྱོར་ཐོབ་ཐབས་ཆེད་དུ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོར་ཡང་ཡང་འབོད་སྐུལ་ཞུས་ཀྱང་། བོད་ནང་དུ་སྤྱི་སྲོལ་ཞི་རྒོལ་བྱ་ལམ་གྱི་ཁོར་ཡུག་ཡེ་ནས་མེད་སྟབས། རང་ལུས་མེ་སྲེག་གི་ལས་འགུལ་སྔར་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བྱུང་མྱོང་མེད་པའི་ཚ་རླབས་ཆེན་པོ་འཕྱུར་བཞིན་ཡོད་པ་རེད། ཕྱི་ལོ་༢༠༠༩ ནས་ཉེ་ལམ་ཕྱི་ལོ་༢༠༡༣ ཟླ་༡ ཚེས་ ༢༢ ཉིན་དཀོན་མཆོག་སྐྱབས་ལགས་ཀྱི་བར་བོད་ནང་ཁྱོན་བོད་མི་༩༩ ཡིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་གདུག་རྩུབ་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་ཡོད། ཁོང་ཚོའི་ཞལ་ཆེམས་དང་འབོད་སྒྲ་ལ་གཞིགས་ན། རང་ལུས་མེར་བསྲེགས་གཏོང་དགོས་པའི་ཀུན་སློང་དང་ཕུགས་བསམ་ནི་བོད་ལ་རང་དབང་དགོས་པ་དང། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དེ་ཡིན། འོན་ཀྱང། རྒྱ་ནག་གཞུང་ནས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་བྱུང་རྐྱེན་དངོས་ལ་ཞིབ་འཇུག་བྱ་རྒྱུའི་ཚབ་ཏུ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། ཕྱིའི་སྟོབས་ཤུགས་ཀྱིས་བརྒྱུད་བསྐུལ་བྱས་ལུགས་ལ་ཁག་དཀྲིས་བྱེད་བཞིན་ཡོད།
རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེར་གདོང་ལེན་བྱེད་སྟངས་ནི་སྔར་བས་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད། ཁོ་ཚོས་རང་ལུས་མེར་བསྲེགས་བྱུང་ཡུལ་གྱི་ས་གནས་ཁག་ཏུ་སྔར་བས་དམ་དྲག་ཆེ་རུ་བཏང་སྟེ། བརྒྱུད་ལམ་པ་ཁག་དང། ཡུལ་བསྐོར་སྤྲོ་འཆམ་པ། གཞན་གཟིགས་བསྐོར་བ་བཅས་ཡོངས་སུ་བཀག་འགོག་བྱས་པ་མ་ཟད། རང་ལུས་མེར་བསྲེགས་བྱུང་ཡུལ་ཁག་ཏུ་དམག་མི་དང། དྲག་ཆས་ཉེན་རྟོག་པ་སོགས་ཕོན་ཆེ་འགྲེམས་གཏོང་བྱས་ཡོད། དེ་དག་ལ་བལྟས་ན། པེ་ཅིང་ནས་བོད་མི་ཚོའི་ཞི་རྒོལ་གྱི་བྱ་ལམ་དེ་དག་འགོག་ཆེད་ཤིན་ཏུ་གདུག་རྩུབ་ཆེ་བའི་ཐབས་བྱུས་སྤེལ་བཞིན་པ་གསལ་པོ་རེད། ཁོ་ཚོས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་གྲོགས་པོ་དོགས་ཡོད་ཅན་རྣམས་ལ་ནག་ཉེས་ཀྱི་ཁྲིམས་གཅོད་གཏོང་བཞིན་ཡོད།

རྒྱ་གཞུང་གིས་འདས་པའི་མི་ལོ་༦༠ ལྷག་གི་རིང་བོད་ཐོག་ལག་བསྟར་བྱས་པའི་ཆབ་སྲིད་དྲག་གནོན་དང་། རིག་གཞུང་རྩ་མེད། མི་སེར་སྤེལ་ཡུལ། མི་རིགས་དབྱེ་འབྱེད། དཔལ་འབྱོར་དང་ཤེས་ཡོན་ཟུར་ཕུད། ཁོར་ཡུག་གཏོར་བཤིག་ཚབས་ཆེ་བཏང་བ་བཅས་བོད་མི་རིགས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཆེ་ཆེར་བཏང་ཡོད།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་སེམས་འཚབ་ཡོད་པའི་བསྒྲགས་གཏམ་སྤེལ་བར་ཡི་རངས་ཞུ་བཞིན་ཡོད། ད་དུང་དེ་བས་མང་བ་བྱེད་དགོས་པ་ཞིག་ནི་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་གི་སྐུ་ཚབ་མཉམ་ཞི་མོལ་བྱས་ཏེ་ཕན་ཚུན་གཉིས་ཕན་དབུ་མའི་ལམ་ནས་སེལ་དགོས་པའི་འབོད་བསྐུལ་གནང་དགོས་པ་དེ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང།  དེ་བཞིན་རྒྱ་གར་དང། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་བསྐུལ་ཞུ་རྒྱུར།

༡༽ གསར་འགྱུར་བརྒྱུད་ལམ་ཁག་དང། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཁག་བཀག་སྡོམ་མེད་པར་བོད་དུ་ཕེབས་བཅུག་སྟེ་བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་པའི་དངོས་ཡོད་རྒྱུ་རྐྱེན་གང་ཡིན་རྟོག་ཞིབ་ཀྱིས་སྙན་ཐོ་འདོན་ཐུབ་པ་གནང་དགོས་རྒྱུ། 
༢༽ བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད་རྒྱལ་ཁབ་ཁག་གི་གཞུང་དང། གྲོས་ཚོགས། གཞུང་ཚབ་ཁག་གི་སྐུ་ཚབ་བཅས་བོད་ནང་ལ་ཕེབས་ཐུབ་པ་གནང་དགོས། 
༣༽ རྒྱ་ནག་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དང་། བོད་མིའི་དངོས་ཡོད་དཀའ་སྡུག་ལ་བསམ་གཞིགས་བྱས་ཏེ་བོད་ཀྱི་གནད་དོན་ཞི་མོལ་གྱི་ལམ་ནས་སེལ་དགོས།”ཞེས་འཁོད་འདུག
བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་མུ་མཐུད་ཉིན་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤེལ་འཆར་ཡོད་པ་འདུག་དང། ལས་འགུལ་དེར་རོབ་རྩིས་བྱས་ན་བོད་མི་གྲངས་༥༠༠༠ ལྷག་དང། རྒྱ་གར་བ་གང་མང་མཉམ་ཞུགས་བྱ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་འདུག།།