གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༣    ཕྱི་ལོ་ ༢༠༡༣/༡/༣༠
ཕྱི་ཟླ་༡ ཚེས་༣༠ ནས་༢ ཚེས་༢ བར་ཉིན་བཞིའི་རིང་ལྡི་ལིར་བཀའ་ཤག་དང། སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་།

སྐབས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་བཅས་ལས་འགུལ་འདིར་མཉམ་ཞུགས་གནང་ཡོད་པ་དེ་ནི། ལས་འགུལ་འདི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་ལ་བརྟེན་ནས་བོད་མི་རྣམས་ཀྱིས་རང་ལུས་མེ་མཆོད་དུ་འབུལ་བཞིན་པའི་ཛ་དྲག་གནས་སྟངས་ལ་གཞིག་ན་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད།

ད་དུང་སྐབས་འདིར་གཞིས་ཆགས་ཁག་ནས་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཀྱང། མི་མང་གི་སྣེ་ཁྲིད་ནས་ལས་འགུལ་འདིར་མཉམ་ཞུགས་བྱས་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཀྱང་ལས་འགུལ་འདིར་མཉམ་ཞུགས་བྱས་ཡོད་པ་རེད། འདས་པའི་ལོ་བཅུ་གྲངས་ཀྱི་རིང་ལ་གཞུང་མང་མཉམ་འབྲེལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་སུ་གྱུར་ཡོད་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུར་གྱུར་ཡོད། དེ་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང། རྒྱ་གཞུང་གི་བོད་དོན་ལ་འཛིན་པའི་སྲིད་བྱུས་ཀྱི་གནས་སྟངས་ལ་གཞིག་ན་འདི་ལྟ་བུའི་ལས་འགུལ་ནི་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་ཁབ་ཅེས་པ་དེ་བརྟན་པོ་གནས་དགོས་པ་ལས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིན་ལས་འགུལ་སྤེལ་ན་འོས་འཚམས་མིན་པའི་བསམ་ཚུལ་ཡོད་མཁན་གང་མང་ཞིག་ཡོད་ཀྱང། དོན་དམ་པར་བོད་མིའི་སྒྲིག་འཛུགས་དེ་ཉིད་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་དང་མི་འདྲ་བར། རང་དབང་རྩོད་ལེན་བྱེད་བཞིན་པའི་གནས་སྐབས་ཤིག་ཏུ་ཡོད་པས། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་དང་མཚུངས་བསྡུར་བྱེད་པ་ནི། འོས་འཚམས་གཏན་ནས་མེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ནང་དུ་བཞུགས་པའི་བོད་མི་རྣམས་དང་བཙན་བྱོལ་བོད་མི་རྣམས་ཀྱི་ལས་འགན་ཉག་གཅིག་ནི། རྒྱ་དམར་དྲག་གཞུང་གི་བཙན་གནོན་འོག་ནས་ཐར་ཐབས་བྱ་རྒྱུ་དེ་ཡིན་པས། དེའི་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་ལས། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟ་བ་ནི་ཝ་མོས་སྟག་ལ་འགྲན་པའི་ལོ་རྒྱུས་དང་གཅིག་མཚུངས་སུ་གྱུར་ཡོད།

སླད་ཀྱང་འདི་ལྟ་བུའི་ལས་འགུལ་གང་མང་ཞིག་སྤེལ་དགོས་པ་ནི། བོད་ཀྱི་གནས་བབས་ལ་གཞིག་ན་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད། ལས་འགུལ་གྱི་རྣམ་པ་ཇི་ལྟར་མང་ཡང་ཤར་ནུབ་ཀྱི་མི་མང་དང་རྒྱལ་ཁབ་ཁག་གི་སེམས་ནང་དུ་བོད་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་བ་དང། དེ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་མཁན་ཡང་མང་དུ་འགྲོ་བར་ཕན་ཐོགས་ཡོད། དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་མང་ཞིག་མང་གཙོའི་ལམ་ཆེན་དུ་བསྐྱོད་བཞིན་ཡོད་སྟབས། རྒྱ་ནག་དང་མི་འདྲ་བར་དབང་འཛིན་པ་དང་མི་མང་གི་བར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མི་མང་གི་བསམ་བློའི་ཁ་ཕྱོགས་ལ་དོ་སྣང་མ་བྱས་ན། མ་འོངས་པར་མི་མང་གི་འོས་ཤོག་རག་མིན་དང་འབྲེལ་བ་ཡོད་པས་གནད་དོན་དེ་ལ་བསམ་བློ་མི་གཏོང་ཀ་མེད་དུ་གྱུར་ཡོད།

རིམ་བཞིན་བོད་ཕྱི་ནང་གཉིས་སུ་རྒྱ་གཞུང་གི་གདུག་རྩུབ་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཐུབ་ན། ནམ་ཞིག་རང་བཞིན་གྱིས་འགྱུར་བ་ཞིག་ཡོང་ངེས་ཤིང། རྒྱ་དམར་གཞུང་དུས་ནམ་ཡང་རྟག་བརྟན་འགྱུར་བ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཐབས་གཏན་ནས་མེད། ལས་འགུལ་འདི་ལྟ་བུ་ལ་བརྟེན་ནས་ཆེ་ས་ནས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་རྒྱུར་ཕན་ཐོགས་ཡོད་པ་དང། ཕྱོགས་གཞན་ཞིག་ནས་བཤད་ན་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་གནོན་བྱས་ཀྱང། ད་བར་བོད་ཕྱི་ནང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ནས་འཐབ་རྩོད་ཀྱི་རྒྱུན་དེ་མི་རབས་གསར་པའི་ལག་ཏུ་རྩིས་སྤྲོད་བྱས་ཡོད་པ་དང། ད་ལྟའི་ཆར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ནི་མི་རབས་གསར་པ་འབའ་ཞིག་ཆགས་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།

གང་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བརྟན་བརླིང་དང་རྒྱུན་གནས་ཀྱི་སྲིད་བྱུས་འཛིན་དགོས་པ་གལ་ཆེ་ཡང། རྒྱལ་ཁབ་ཀྱི་རང་དབང་རྩོད་ལེན་བྱ་རྒྱུར་འབད་བརྩོན་མ་བྱས་པར། རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་བྱེད་སྟངས་དང་གཅིག་མཚུངས་བྱས་ན། འདུ་ཁང་མ་འཛོམས་གོང་ནས་དགེ་བསྐོས་ཀྱིས་ཕོར་པ་འཇོག་ས་བཟོས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད། དེར་བརྟེན་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཐབས་ལ་འབད་དགོས་ལ། དེ་ཡང་གཅིག་གྱུར་རང་བཞིན་གྱི་ཐོག་ནས་སྤེལ་དགོས་པ་འདི་དེ་བས་ཀྱང་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཐ་སྙད་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་དང། སྐྱིད་སྡུག་མཉམ་མྱོང་གཉིས་ལ་ཁྱད་པར་གང་འཚམས་ཡོད་ཀྱང། ཐ་སྙད་ལས་གཙོ་ཆེ་ཤོས་འདི་ལྟ་བུའི་ལས་འགུལ་མང་ཙམ་སྤེལ་དགོས་པ་གལ་ཆེན་པོར་གྱུར་ཡོད།།