རྒྱ་གཞུང་གིས་བོད་མི་དྲུག་ལ་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་གིས་མདོ་སྨད་བླ་བྲང་བསང་ཆུ་ཁུལ་གྱི་བོད་མི་དྲུག་ལ་བོད་མིའི་རང་ལུས་མེར་སྲེག་གི་གནས་ཚུལ་དང་འབྲེལ་བའི་ཉེས་མིང་འོག ལོ་བཅུ་གཉིས་ནས་ལོ་གསུམ་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
དེ་ཡང་རོས་ཌར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༣༡ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁྲིམས་ཁང་གིས། ཁུལ་དེའི་བོད་མི་དྲུག་ལ་ལོ་བཅུ་གཉིས་ནས་ལོ་གསུམ་བར་གྱི་ཁྲིམས་ཆད་བཅད་ཡོད་པ་ལས། པདྨ་དོན་གྲུབ་ལ་ལོ་༡༢ དང་། སྐལ་བཟང་རྒྱ་མཚོར་ལོ་༡༡། པདྨ་འཚོ་ལ་ལོ་༨། ལྷ་མོ་དོན་གྲུབ་ལ་ལོ༧། ད་དུང་དཀྲོག་གཏམ་འུར་འདྲ་མིན་སྤེལ་བའི་ཉེས་མིང་འོག་གདུག་དཀར་སྐྱབས་ལ་ལོ་༤ དང་། གཡང་མོ་སྐྱིད་ལ་ལོ་༣ བཅས་ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་གཞུང་གིས་༢༠༡༢ ལོའི་ཕྱི་ཟླ་༡༠ པའི་ཚེས་༢༣ ཉིན་བོད་མི་རྡོ་རྗེ་རིན་ཆེན་གྱིས་བླ་བྲང་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་བའི་རྗེས་སུ། བོད་མི་དེ་ཚོས་ཉེན་རྟོག་པའི་ལག་ནས་སྐུ་ཕུང་འཕྲོག་པ་དང་། ས་གནས་སུ་དཀྲོག་གཏམ་འདྲ་མིན་སྤེལ་བའི་ཉེས་མིང་བཙུགས་ཏེ། ཁོང་ཚོར་དེ་ལྟར་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།