ཁམས་འབྲི་རུ་རྫོང་དུ་རྩོམ་པ་པོ་དང་ཤེས་ཡོན་པ་ཁག་ཅིག་གློད་གྲོལ།
༢༠༡༢ ལོར་རྒྱ་ནག་གིས་ཁམས་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་ཤེས་ཡོན་པ་དང་། རྩོམ་པ་པོ་ཁག་ཅིག་སྤྱི་ཚོགས་བརྟན་ལྷིང་མེད་པའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཇུ་བཟུང་བྱས་པ་དང་། མི་མང་གིས་ཞུ་གཏུག་རེ་སྐུལ་ཐེངས་མང་ཞུས་མཐར་ཟླ་འདིའི་ཚེས་༢ ཉིན་མི་བཞི་གློད་གྲོལ་བཏང་འདུག
དེ་ཡང་ཟླ་འདིའི་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་ནས་དར་ལྕེ་ཟད་པོས་གནས་ཚུལ་བཏང་བའི་ནང་འཁོད་དོན། ཕྱི་ལོ་༢༠༡༢ ལོར་རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་དུ་སྤྱི་ཚོགས་བརྟན་བརླིང་མེད་པ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་འོག་ཏུ་འཇུ་བཟུང་བྱས་པ། ཨོ་རྒྱན་བསྟན་འཛིན་ལགས་ནི་ཕྱི་ལོ་༡༩༩༠ཙམ་ལ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་སློབ་དཔོན་དུ་བསྟེན་ནས་གསོ་བ་རིག་པ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་སྤྱི་ལ་ནང་བྱན་ཆུད་པ་སྦྱངས་ཏེ་བསླབ་པ་མཐར་སོན། གངས་ལྗོངས་ཤེས་རིག་ཀུན་བཏུས་སོགས་སུ་ཁོང་གི་རྩོམ་ཡིག་མང་པོ་བཀོད་མྱོང་བ་མ་ཟད། ༼རྒྱལ་མོ་རྔུལ་ཆུའི་རླབས་སྒྲ༽ཞེས་པའི་དེབ་ཅིག་ཀྱང་བརྩམས་ཡོད།
ཟླ་བ་རྡོ་རྗེ་ནི་རྒྱ་ནག་(山西)ཧྲང་ཤིན་དང་བོད་ལྗོངས་སློབ་ཆེན་བཅས་ནས་བསླབ་པ་མཐར་ཕྱིན་ཏེ། ཁམས་འབྲི་རུ་རྫོང་དུ་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ནུས་ཤུགས་མཉམ་སྒྲིལ་གྱིས་གཉེར་བའི་ལམ་བུའི་དུས་དེབ་འདོན་ཐེངས་དྲུག་ཙམ་གྱི་རྩོམ་སྒྲིག་པ་ཡིན།
བསོད་ནམས་དགྲ་འདུལ་ནི་བོད་ལྗོངས་གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕྱི་རྒྱལ་ཡུལ་གྲུ་འགའ་ལ་ཡང་ཕྱི་ལུགས་སྨན་དཔྱད་ཟབ་སྦྱོང་ལ་འགྲོ་མྱོང་ཞིང་། དེང་སྐབས་ཕྱི་ནང་ཟུང་འབྲེལ་གྱི་མིག་ནད་བཤའ་བཅོས་སྨན་ཁང་ཞིག་ལ་ཨེམ་ཆིའི་ལས་ཀ་བྱེད་བཞིན་ཡོད་པ་དང་། ཞོར་དུ་ཤོག་གྲངས་སུམ་བརྒྱ་ལོན་པ་གསོ་རིག་སྐོར་གྱི་དཔྱད་རྩོམ་དེབ་ཅིག་ཀྱང་འབྲི་མྱོང་།
རྒན་བསྟན་འཛིན་ཐབས་མཁས་ལགས་ནི་ལྷ་ས་ན་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཞིང་། སློབ་ཁྲིད་ཉམས་ཞིབ་དང་འབྲེལ་བའི་བོད་ཡིག་གཞི་རིམ་སློབ་དེབ་དྲུག་ཙམ་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད་འདུག
ཁོང་རྣམ་པ་གཙོས་པའི་ཤེས་ལྡན་པ་མང་པོ་ཞིག་ན་ནིང་ད་ཚོད་ཙམ་ལ་འཇུ་བཟུང་བྱས་ཏེ་ད་ལྟ་བར་དུ་ནག་ཉེས་ཡོད་མེད་ཐད་ལ་ཞིབ་འཇུག་ཅི་ཡང་མ་བྱས་པར་སྣང་མེད་ཀྱིས་བཙོན་དུ་ལྷག་ཡོད་འདུག ཟླ་ཤས་སྔོན་ནས་ཁམས་འབྲི་རུ་རྫོང་མི་མང་ཧ་ཅང་མང་པོས་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་མེད་ན་ནད་པ་ཚོ་ལ་བརྟག་དཔྱད་བྱེད་མཁན་མེད་པ་མ་ཟད་སྨན་ཡང་སྟེར་མཁན་མེད་པ། སློབ་གྲྭའི་རྒན་རྣམས་མེད་ཚེ་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་འཐུས་ཤོར་འགྲོ་གི་ཡོད་ཚུལ་སོགས་བཤད་དེ་(西藏人民法院)བོད་ལྗོངས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་པས་མཇུག་འབྲས་སུ། ཟླ་བ་འདིའི་སྤྱི་ཚེས་༢ ལ་ཁྲིམས་རྭ་ཚོགས་ཐེངས་གཉིས་པ་བསྐོང་ཚོགས་མི་དགོས་པར་ཉེས་མེད་ཀྱི་བདེན་མཐའ་གསལ་ནས་གྲྭ་བཞི་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག གློད་གྲོལ་ཐོབ་མ་ཐག་ཁོང་ཚོའི་གྲོགས་པོ་ཁག་ཅིག་དང་མཉམ་དུ་དགའ་སྤྲོའི་ཐུགས་སྤྲོ་ཞིག་ཀྱང་རྒྱལ་ས་ལྷ་སར་བཏང་ཡོད་པའི་གནས་ཚུལ་འདུག །