མི་ཚང་བརྒྱ་དང་ལྔ་བཅུ་དྲུག་ཅུ་ལྷག་གི་ཁྲོམ་སའི་དཀའ་ངལ།
གཡུ་སྒང་དགེ་འདུན།
༢༠༡༣།༢།༡། དེ་རིང་ཡང་དྷ་ས་མེག་ལོར་རྒྱ་གར་གྱི་“ཀམ་མེན་ཏྲེ་”ཞེས་པ་དེ་ཡོང་ནས་ཐང་ཁྲོམ་སྟོན་མཁན་ཚོའི་ཉལ་ཁྲི་ཚང་མ་འཁྱེར་རྩིས་བྱས་ཡོད་ལ། ཐང་ཁྲོམ་སྟོན་མཁན་གྱི་མི་མང་པོ་ཞིག་ལྡི་ལིར་བཀའ་སྤྱིས་ལས་འགུལ་སྤེལ་སར་སོང་པ་དང༌།
ཡང་ཁག་ཅིག་རྡོ་རྗེ་གདན་ལ་སོང་བ་སོགས་ཀྱི་སྐབས་དང་ཁེལ་ཡོད་པས། མི་ཡོད་མཁན་དེ་ཚོས་རང་རང་གི་ཉལ་ཁྲི་ལམ་ཡར་མར་དུ་སྦས་ཏེ་ཕལ་ཆེར་ཁྱེར་མེད་མོད། འོན་ཀྱང་མི་མེད་མཁན་དེ་ཚོའི་ཉལ་ཁྲི་ཡང་མི་ཡོད་མཁན་དེ་ཚོས་ཡར་མར་དུ་སྦས་ཅི་ཐུབ་བྱས་ཀྱང་ཁ་ཤས་ཁྱེར་ཡོད་པ་རེད།
སྐབས་དེར་ཀམ་མེན་ཏྲེའིཁྲོད་ཀྱི་སྐྱེས་དམན་ཞིག་གིས་བཤད་རྒྱུར་ལམ་འོག་གི་གད་སྙིགས་ཚང་མ་ཐང་ཁྲོམ་སྟོན་མཁན་ཚོས་བཟོས་པ་ཡིན་མདོག་བཤད་སོང་ལ། སྐབས་དེར་ཐང་ཁྲོམ་སྟོན་མཁན་གྱི་ཁྲོད་ནས་རྒྱ་གར་སྐད་ཅུང་ཙམ་གོ་མཁན་ཞིག་གིས་དེ་ང་ཚོ་མིན་པར་འགྲེལ་བཤད་བརྒྱབ་ཀྱང༌། མོས་ད་དུང་ཁྱེད་ཚོ་ལས་གཞན་གཡུགས་མཁན་མེད་མདོག་བཤད་སོང༌། འདི་དག་གི་ཐད་ནས་བསམ་བློ་ཞིག་བཏང་ན་རྒྱ་གར་ནི་དབུལ་ཕྱུག་གི་ཐོབ་ཐང་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཧ་ཅང་གསལ་བོར་མཐོང་སོང༌། གད་སྙིགས་གཡུགས་མཁན་ནི་མང་ཤོས་ལམ་འགྲོ་བ་དང་རྒྱ་གར་ཡུལ་མི་ཟ་ཁང་དང་ཚོང་ཁང་ཡོད་མཁན་ཤ་རྟགས་ཀྱིས་གཡུགས་པ་རེད། ཡིན་ནའང་མ་ཉེས་ཁ་ཡོགས་ཕོག་ས་དེ་ལམ་ཟུར་ན་འཚོ་བ་འགྲོ་དང་མི་འགྲོའི་སོ་ཁ་ཡོད་མཁན་མི་སེར་སྐྱོ་བོ་དེ་ཚོ་རེད།
སྐབས་འདིར་ཚིག་གནད་དུ་ཕབ་སྟེ་བཤད་དགོས་པ་ཞིག་ནི། རྒྱ་གར་གྱི་ས་གནས་ལས་ཁུངས་ཁག་ཅིག་གིས་བཟོ་བཞིན་པའི་ཐང་ཁྲོམ་སྟོན་མཁན་ཚོས་དཀའ་ངལ་འདི་དག་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་དང༌། སེལ་ཐབས་བྱེད་དགོས་པའི་གནད་འགག་ཅིག་རེད། འདིའི་རིགས་མ་མཐོང་བ་དང་མ་ཐོས་པའི་རྣམ་པ་དང༌། དེ་རྟག་པར་འབྱུང་བའི་ལས་དོན་ཞིག་རེད། ཉིན་ཁ་ཤས་ཀྱི་རྗེས་སུ་ཡང་ཟླ་ཁ་ཤས་ལ་ཚོང་སྟོན་ཆོག་པ་རེད་བསམ་སྟེ་སྣང་མེད་དུ་བཞག་པ་ཡིན་ན། དེ་ཧ་ཅང་ཉེན་ཁ་ཞིག་ཏུ་མཐོང༌། ཉུང་མཐའ་ཡང་བོད་པ་ཐང་ཁྲོམ་སྟོན་མཁན་མི་ཚང་བརྒྱ་དང་ལྔ་བཅུ་ནས་བརྒྱ་དང་དྲུག་ཅུ་ཡོད་པ་རེད། མི་ཚང་གཅིག་ལ་མི་གཉིས་ཡོད་པ་ཉུང་ཤོས་ཡིན་ལ་གཞན་མི་ཚང་རེ་ལ་ནང་མི་གསུམ་བཞི་སོགས་མང་ཉུང་འདྲ་མིན་ཡོད་པ་རེད། མི་ཚང་དེ་དག་གི་འཚོ་བ་ཉལ་ཁྲི་དེ་ལ་བསྟེན་ཡོད་པ་རེད། ཉལ་ཁྲི་དེ་ཉིན་གཅིག་ལ་བསྡུ་གསོག་བརྒྱབ་ན་མི་ཚང་དེའི་ཕོར་པའི་ཁ་བཅད་པ་རེད། ཉི་མ་གཅིག་གི་ཟས་སོང་དང་ཁང་གླ་སོགས་ཡོང་ཁུངས་མེད་པར་གྱུར་པ་དངོས་མཐོང་ལག་ཟིན་ཡིན་ལ། བུ་ཕྲུག་གི་སློབ་ཡོན་སྤྲོད་དགོས་པ་དེ་ཚོ་དེ་ལས་ཀྱང་དཀའ་ངལ་འཕར་མ་ཡོད་པ་རེད།
དཔེར་ན། རྒྱ་གར་ས་གནས་ལས་ཁུངས་རེ་གཉིས་ཀྱིས་ཁ་འདྲ་མིན་ལ་གཡར་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའི་ཉིན་རེ་རེའི་གླ་ཆའི་ཡོང་ཁུངས་མེད་པ་བཟོས་ན་དེའི་ཚོར་སྣང་ག་འདྲ་ཡིན་རྒྱུ་རེད། ད་དུང་ཕྱོགས་གཞན་ནས་བསམ་བློ་བཏང་ན་མིའི་སེམས་ལ་འགྱུར་བ་ཡོང་སྲིད་པ་རེད། སྐབས་དེར་སླེབས་དུས་མི་ཚང་བརྒྱ་དང་ལྔ་བཅུ་ནས་བརྒྱ་དང་དྲུག་ཅུ་དེ་མི་གྲངས་ཉུང་ཉུང་གཏན་ནས་མིན། དེར་བརྟེན་དཀའ་ངལ་དེ་སེལ་ཆེད་ཕྱི་གསལ་ནང་གསལ་གྱིས་ཅི་ཐུབ་གང་ཐུབ་བྱེད་རྒྱུ་གལ་ཆེན་རེད། མིའི་ཡུལ་ན་ཡོད་སྟབས་ཡུལ་མི་གཞན་དང་བསྟུན་དགོས་དུས་ནུས་པ་ཐོན་དང་མི་ཐོན་ཟེར་པ་དེ་ཧ་ཅང་ཁག་པོ་རེད་དེ། ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་གྱིས་ཁོ་ཚོའི་ཆེད་དུ་རྒྱ་གར་གྱི་ལས་ཁུངས་གང་ལ་འབྲེལ་གཏུགས་དགོས་པ་དང་མི་སྣ་སུ་དང་སྐད་ཆ་བཤད་དགོས་ན་དེར་དུས་ཚོད་ནར་འགྱངས་མེད་པར་བྱེད་རྒྱུ་གལ་ཆེན་རེད།
༢༠༡༡།ལོར་ཌིས་སེས་ D.Cཀྱིས་མི་ཚང་བརྒྱ་དང་ཉི་ཤུ་རྩ་དགུ་ལ་ཁྲོམ་སྟོན་ས་ཞིག་ཐབས་ཤེས་བྱེད་རྒྱུའི་ངག་ཐོག་གི་སྐད་ཆ་ཞིག་བཤད་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་འགན་ཁུར་བླངས་ཀྱིས་དེ་ལེགས་འགྲུབ་ཡོང་པར་མུ་མཐུད་དུ་མཇུག་སྐྱོང་གནང་མཁན་གང་ཡང་བྱུང་མེད་པའི་སྣང་ཚུལ་བྱུང༌། གལ་སྲིད་ཅི་ཐུབ་གང་ཐུབ་བྱས་ཀྱང་ནུས་པ་མ་ཐོན་ན་ཐད་ཀར་མང་ཚོགས་ལ་ཁ་གསལ་གྱིས་འབྲེལ་བཤད་རྒྱག་དགོས་པ་རེད་མ་གཏོགས་སྒྲིག་འཛུགས་ཀྱི་ལྷན་ཁང་དང་མང་ཚོགས་བར་དུ་གོ་ལོག་འབྱུང་སྲིད། མཐའ་དོན་ནི། ང་ཚོའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཆེ་འབྲིང་ཆུང་གསུམ་གྱིས་རྒྱ་གར་གྱི་བག་ཆགས་རྙིང་རུལ་སང་ཉིན་ཕེབས་གནང་ཉིན་ཕེབས་ཞེས་པའི་དུས་ཚོད་ནར་འགྱངས་ཀྱི་བག་ཆགས་དེར་མ་སོང་པར་བྱ་བཞག་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་ལམ་སང་ཐག་ཆོད་ཡོང་བའི་རེ་སྨོན་ཞུ།