ཕྱི་བལྟས་ཐེངས་གཅིག
ཉི་རྒས་ཀྱི་རླུང་བུ་གདོང་ལ་གཡུག་སྐབས། སྐྱོ་སྣང་རབ་རིབ་ཞིག་དང་ལྷན། བསམ་གཞིག་གི་ཁ་ཕྱོགས་གནས་ཡུལ་གཞན་ཞིག་ཏུ་འགྲིམས་འགོ་ཚུགས་ཏེ་རྣ་ཟུང་གིས་རང་གི་རྡོག་གྲར་ཉན་བཞིན། ཚོར་བ་མེད་པའི་བེམ་གཟུགས་ཀྱི་འགུལ་རིས་ལ་མིག་གཅེར་ནས་གྲང་ཤུར་ཤུར་གྱི་སུན་སྣང་དང་འགྲོགས་པའི་ཁེར་བཤད་དང་ཆིག་ལབ་ཀྱིས་རང་སེམས་གསོ་སྐབས། གློ་བུར་གློ་བུར་དུ་མནོ་བསམ་ཡོད་ཚད་སྟོང་འདང་གི་ཀློང་དུ་ཐིམས་ཏེ་དགའ་མ་སྡུག་གི་རང་གི་འཚོ་བར་སུན་སྣང་སྐྱེས་འགོ་ཚུགས།
ཁ་སང་རང་ཉིད་གང་དུ་ཆས་བཞིན་ཡོད་མེད་མ་ཚོར་ལ། སྟོང་བསམ་གྱི་འཇིག་རྟེན་ཞིག་ཀྱང་ཡོད་པར་མ་ཚོར། འོན་ཀྱང་དེ་རིང་གློ་བུ་གློ་བུར་དུ་བཞུད་ཟིན་པའི་རྐང་རྗེས་རེ་འཚོལ་ཚེ་དག་སྣང་གི་ཞིང་ཁམས་དང་། རྟོག་སྒྲུངས་ཀྱི་འཇིག་རྟེན་ལས་ཅི་ཡང་མེད་པར་ཤེས་རྗེས། མི་ཡུལ་འཚོ་གནས་ཀྱི་མཁའ་དབུགས་གསོན་པོ་ཞིག་ལ་བསླར་ཡང་མནོ་བསམ་གཏོང་དགོས་བྱུང་ལ། བསྐྱར་འདང་ཡང་རྒྱག་དགོས་བྱུང་སོང་།
ཡིན་མདོག་མདོག་གི་མགོ་བོ་མཐོ་ཙམ་བཀྱག་བཞིན་ཡོད་ཚད་ལ་དབྱེ་ཞིབ་བྱ་འདོད་ཀྱི་སྣང་བ་མཐོ་ཡེར་རེ་བ་བར་སྣང་དུ་ལྡིང་ཏེ་འོལ་ཚོད་ཀྱིས་སོང་ཤུལ་དེ་ནས། ཁ་མི་དགེ་བའི་མི་ཚོགས་ཀྱི་ངན་སྨྲས་ལྷག་རླུང་ལྟར་རྒོད་ཀྱང་། དུས་དེར་བདག་ལ་ཉམས་ངའི་གཡང་ས་ཞིག་ལ་མི་ལྷུང་བའི་སེམས་ལ་དྲོད་ཐིག་ཅུང་ཙམ་ཞིག་ཡོད་པའི་རྐྱེན་གྱིས་རྒྱང་རིང་གི་ལམ་དེ་བཙལ་ནས་བརྙེད་མོད། དུས་ཚིགས་ཀྱི་རྒས་མདོག་མཐོང་བས་ཡིན་ནམ། ཡང་ན་གནས་ལུགས་མེད་པའི་རྙོག་བཤད་མང་དྲག་པས་ཡིན། གང་ལྟར་ཆགས་ཤུལ་དང་འཇིགས་ཤུལ་གྱི་རྭ་བ་ནས་བདག་ལ་བཤད་ཆོག་ཆོག་གི་འཚོ་བ་དངོས་ཀྱི་མྱོང་བྱང་ཞིག་མེད་སོང་བར་ནི་ངུས་ཀྱང་ཡལ་དུ་མེད་པའི་སེམས་གཏིང་གི་ཟུག་གཟེར་ཆེན་པོ་ཞིག་རེད།
དུས་ཚོད་ནི་སྐད་གཅིག་སྐད་གཅིག་ཏུ་མི་སྡོད་ཟེར་བཞིན་ཚེགས་སྒྲ་དང་བཅས་ཏེ་འདི་ལྟར་བཞུད་འགྲོ་སྐད་འདུག། མ་ཟད་བགྲེས་སོང་གི་ལོ་ཟླས་ཁོ་ཡང་སྔར་བཞིན་མི་སྡོད་པར་ཚུར་ཚུར་ཡོང་དགོས་ཟེར་སྐད་འདུག སྐད་ཆ་འདི་ཚོ་ཉན་བཞིན་ཉན་བཞིན། ངས་ཞེད་ཆོག་ཆོག་གི་སྡར་ཆུ་གང་མང་བཏུང་དགོས་བྱུང་བར་ནི། གནས་ལུགས་ཤིག་མཐོང་སོང་བས་ཡིན་ནམ། ཡང་ན་འུ་ཐུག་པའི་ངལ་གསོའི་སྟེགས་བུ་ཞིག་འཚོལ་འདོད་པས་ཡིན།
གང་ལྟར་མི་ཚོགས་ནི་འདི་ལྟར་འགྲེངས་ཏེ་ལངས་འདུག་ལ། འདི་ལྟར་ཚིམས་ཏེ་བསྡད་འདུག ཆགས་ཤུལ་འཇིགས་ཤུལ་གྲངས་མེད་ཀྱི་སྒོ་ཁ་འདི་ནས་ང་གཅེར་བུར་ལང་དགོས་ཟེར་ན་འགྲོ་ལམ་བདེ་ཙམ་མིན་ཡང་། རང་ཉིད་ལ་བསམ་བློའི་འཁྱེར་སོ་ཞིག་དང་། འདུ་ཤེས་ཀྱི་རྩ་དོན་ཞིག་ཡོད་པའི་དབང་གིས་སང་ཉིན་གྱི་ཆེད་དུའམ། ཡང་ན་བདེན་ལུགས་ཀྱི་ཆེད་དུ་འདི་ལྟར་ལམ་དུ་མི་ཆས་ཐུ་མེད་རེད།
སྤྱི་ལོ་ ༢༠༡༣ ཟླ་ ༢ པའི་ཚེས་ ༤ ཉིན།
