ཤིས་པའི་འཚམས་འཕྲིན་འདི་ཉིད་ཁྱོད་ལ་ཕུལ

 

ཤིས་པའི་འཚམས་འཕྲིན་འདི་ཉིད་ཁྱོད་ལ་ཕུལ། 

 

<<འཁྱམས་པོའི་ལས་དབང་།__སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན>>བཀླགས་པའི་མཐོང་སྣང་། 

_____རྩོམ་པ་པོ་བྱམས་པ་དབང་ལྡན་ལ་ཕུལ་བ།

གནམ་མཐོངས་སྨག་གིས་ཟོས་པའི་མཚན་གཞུང་ན། །

 

སྒྱུ་རྩལ་གློག་འོད་འཁྱུག་པའི་འགྱུར་བག་གིས། ། 

དངོས་བདེན་ལྐོག་འགྱུར་གསལ་བའི་དུས་ཀྱི་ཡུན། ། 

སྐར་མདའི་འོད་ཀྱིས་འཁྱུག་པའི་སྙན་ངག་རྒྱལ། ། 

མི་རིགས་ཤིག་གི་ཚེ་སྲོག་ལ་བརྟན་བཞུགས་འབུལ་འདོད་ན། མི་རིགས་དེའི་ཟུང་ཁྲག་གི་རྒྱུད་ལམ་ལ་གད་སྙིགས་ཀྱི་འགོག་རྐྱེན་སེལ་ཐབས་བྱེད་དགོས་ལ། མི་རིགས་དེའི་དབང་རྩར་འཕུར་མཉེད་རན་པོ་དགོས་པའང་ལྡོག་ཐབས་མེད་པའི་ཆོས་ཉིད་ཀྱི་རང་བཞིན་ཡིན། མི་མི་ཉུང་བ་ཞིག་གི་གདོང་ངོས་སུ་ཁྲ་ཀོར་ཀོར་འཁྱིལ་བའི་མིག་ཟུང་དང་། མགོ་ཟུར་ན་གོར་ཐེར་ཐེར་ཀྲོང་པའི་ཨ་ཆོག་གཉིས་ཀ་ལྡན་ནའང་། གནས་ལུགས་འདི་ལྟ་ན་མི་མཐོང་ཞིང་ཉན་ན་མི་གོ །གནས་ལུགས་འདི་ལྟ་འདོད་པ་དང་། རྒྱུ་མཚན་འདི་ཉན་འདོད་པ་ཞིག་ཡིན་ན། ཀླད་རྩའི་རྒྱུད་ལམ་ལ་མི་རིགས་ཀྱི་གསོན་ཤུགས་འཕར་མཁན་ཞིག་ཡིན་དགོས། སྐྱེ་བོ་དེ་རིགས་ལ་གནས་ལུགས་དེ་ཉིད་ཀླད་རྩའི་སྒུལ་སྐྱོད་རྒྱུད་དེ་སྲོག་རྩའི་ཟུངས་ཁྲག་དང་འདྲེས་ནས་སྙིང་གི་འཕར་ལྡང་བྱེད་ས་སྲོག་གི་རྩ་མདུད་ལ་འཐམ་བའི་ཚོར་ཤུགས་ལྡོག་ཐབས་མེད་པ་ཞིག་སླེབས་འོང་། སྐབས་དེར། ཧ་ལམ་ཤི་ཟིན་པའི་མི་རིགས་ཤིག་འདས་ལོག་ཕེབས་དགོས་ན། ཡང་ན་འཆི་ཁ་མའི་ནད་པ་ཞིག་དྲག་བསྐྱོད་ཐུབ་དགོས་ན། ཡང་ན་འགྱེལ་ས་ནས་ལང་འདོད་པའི་མི་ཞིག་གྱེན་དུ་སློང་དགོས་ན། ཅི་ཞིག་ལ་ལག་པ་འཆང་དགོས་པ་དང་། གང་ཞིག་ལ་སྐྱབས་སུ་བཅོལ་དགོས་པའི་ཐབས་ལམ་ཟུང་ཞིག་མིག་ལམ་དུ་འཆར་འོང་ལ། རྣ་ལམ་དུ་གྲགས་འོང་། དེ་དུས་མི་རིགས་ཤིག་གི་གསོན་ཤུགས་སྦར་བའི་ལམ་བུ་ལ། སྔོན་ཀྱི་མཁས་གྲུབ་སྐྱེས་ཆེན་ཚོས་ལུང་དུ་སྟོན་པའི་རྩ་ཚིག་དང་། ཉེ་བའི་ཆབ་སྲིད་པ་ཚོས་སྡོམ་ཚིག་བཀོད་པའི་གྲུབ་དོན་དག་ལས་གསལ་བ་ལྟར། སྐད་ཡིག་གི་བླ་སྲོག་འཚོལ་རྒྱུ་ཉག་གཅིག་པོ། འཆི་ཁའི་མི་རིགས་ཤིག་སྐྱོབ་པའི་རིན་ཆེན་རིལ་བུ་དངོས་དེ་ཡིན་ལ། མི་རིགས་ཤིག་འགྱེལ་ས་ནས་སློང་པའི་ཐག་འཕྲུལ་དངོས་གནས་དེ་ཡིན།

ཀྱེ། རྩོམ་པ་པོ། སྙན་ངག་པ། སྒྱུ་རྩལ་བ། གནས་ལུགས་འདིས་ཁྱེད་ཀྱི་སེམས་རྩ་སྒུལ་བ་ནས་བཟུང་། རྒྱུ་མཚན་འདིས་ཁྱེད་ཀྱི་ཚོར་འདུ་དཀྲུག་པ་ནས་བཟུང་། རྒྱུ་མཚན་འབྲེལ་ས་ནས་གཏན་ཚིགས་བཀོད། ཚོར་བ་ཟབ་ས་ནས་སྙན་ངག་བྲིས། གཞིས་བྱེས་ཀྱི་གནས་བབ་དབར་ནས་མིག་ཆུ་དང་སྐྱོ་སྣང་གི་གཟུགས་རིས་བཀོད། རྗེས་ལུས་དང་མུན་ནག་གི་མཇུག་སྣེ་ནས། ར་སྤྲོད་དང་བདེན་ཁའི་རྒྱུ་མཚན་བརྡར། སྔོན་ཐོན་དང་འོད་སྣང་འདྲེས་མཚམས་ནས། ཡིན་སྨོན་དང་རེ་གདུང་མཆར། དད་པ་དང་ཡིད་ཆེས་བར་ནས་བསྟོད་པ་དང་གསོལ་འདེབས་གྱེར། སྐྱོ་གདུང་དང་ལས་དབང་འཛིངས་པའི་སྲུབས་ཀ་ནས། སྨྲེང་སེམས་དང་ཞེ་ཁོག་ཀྱི་རླབས་རིས་བརྩེགས། འདོད་རྩེའི་འཁྲུལ་སྣང་ལ་མཛེས་བཀོད་ཀྱི་ཚོམས་བུ་བསྐྲུན། མཁྲེགས་འཛིན་དང་ཕྱོགས་ཞེན་ལ་མཆིལ་ཞགས་དང་ཞེན་ལོག་གི་སྡོམ་ཚིག་བཀོད། ཁྲོ་ཆགས་ཀྱི་འཛིན་སྟངས་ལ་སྒྱུ་རྩལ་གྱི་འབུར་བརྙན་བརྐོས། རྒྱལ་ཞེན་དང་རང་དབང་གི་གཡུལ་ས་ན་བདེན་དོན་གྱི་དར་ཆེན་བསླངས། མདོར་ན་ཚོར་བའི་བཟི་ཁ་ནས་སྨྱུག་རྩེ་བརྡར། སྒྱུ་རྩལ་འབུར་མཚམས་ནས་ཤོག་བུ་བཀྲམས། ཉམས་འགྱུར་རྩེན་མཚམས་ནས་སྣག་བྲིས་ཕབ་སྟེ། འཁྱམས་པོའི་ལས་དབང་ལས་སྦྲུམ་པའི་སྙན་ཚིག་གི་ཚོམས་བུ་ཞིག སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་གསར་པ་ཞིག་ཏུ་བསྒྱུར་ཏེ། རྩོམ་པ་པོ་བརྒྱ་ཕྲག་དང་ཀློག་པ་པོ་སྟོང་ཕྲག་གི་མིག་སྔ་ལ། ན་ཆུང་མའི་ལང་ཚོའི་མགྲོན་སྟོན་དང་། འབྱོར་ལྡན་པའི་དངོས་ཟོག་གི་ཁྲོམ་ར་བཞིན་གཤམ་འདུག་པར་ངས་ནམ་ཡང་དགའ་བསུ་དང་མཚམས་འདྲི་ཞུ།

ཀྱེ། སྙན་ངག་པ། ཕ་ས་རྒྱངས་རིང་དུ་བསྐྱུར་བའི་ཡུལ་གྱར་བ། མི་ཡུལ་པང་དུ་ལེན་པའི་འཁྱམས་པོ་པ། ལས་དབང་སྔས་སུ་བྱས་པའི་སྐྱབས་བཅོལ་བ། ཁྱེད་ཀྱི་ལས་དབང་སྟེ། སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་རེ་རེ་བཞིན། ངས་ཚིག་སྦྱོར་སྐྱོག་ས་ནས་བལྟས་ཤིང་། ཚོར་བའི་ཟབ་ས་ནས་མྱོང་པས། སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་ཁག་ཅིག་ནི། གཞོན་ནུ་མའི་བྲང་ཤ་ལས་འཇམ་པས། སྙན་ཚིག་དེ་རིགས་ལ་ཚོར་བའི་ཟབ་མཚམས་ནས་ཕྱི་མིག་གིས་དྲན་རྟེན་བཀོད། སྐྱོ་གར་ཁག་ཅིག་ནི་དབང་རྩའི་གསོན་ཤུགས་སྣོན་པའི་ཨ་རག་བཞིན་བཏུང་པས། སྙན་ཚིག་དེ་དག་གིས་ཚོར་བའི་བཟི་ཁ་འཕར་བའི་སྐྱོ་སྣང་གི་ཟུར་ཐོ་བཀོད། སྐྱོ་གར་གྱི་ལེ་ཚན་རེ་གཉིས་ནི་སྦྲང་རྩི་ལྟར་མངར་ཞིང་། ལ་ལ་ནི་སི་པན་བཞིན་ཚ་བས། ཚོགས་དྲུག་འདུས་པའི་རྣམ་ཤེས་ལ་རོ་དྲུག་འདུས་པའི་བྲོ་བ་དང་། གཟུགས་དབྱིབས་འདྲེས་པའི་ལྟད་མོ་བཞིན་རེ་རེ་ནས་བུར་ཤིང་འོ་མ་སྦྲང་རྩི་བཞིན་ངོ་བོ་གཅིག་ཀྱང་རྣམ་པ་མང་བས་འགྲེལ་བརྗོད་འཐུས་ཚང་བ་ཞིག་དང་ཆ་ཚང་བ་ཞིག་ཞུ་ཐབས་བྲལ་བས། ཀློག་པ་པོ་སོ་སོའི་ངོས་ནས་ཚད་ཐིག་རེ་འཇལ་དགོས་པའང་དྲན་གསོའི་ཅོང་བརྡ་དང། འབོད་སྐུལ་གྱི་གཡབ་མོ་རེ་ཡང་ཞུ་འདོད་བྱུང་།

སྙན་ངག་པ། ཕ་མ་གསོན་བྲལ་བྱས་པའི་མཇུག་སྣེ། ཤེས་བྱའི་སྡུམ་ར་འགྲིམས་པའི་ཁོར་ཡུག་དེ་ནས། སོར་རྩེ་གསུམ་གྱིས་སྨྱུ་གུ་སྒུལ་སྐྱོད་བྱེད་པའི་གར་སྟེགས་ཐོག མིག་ཟུང་དང་ཚེ་སྲོག་གི་དབུ་ཁྱུད་བྲིས་པའི་ཉིན་དེ་ནས། མི་ལོ་ཧྲིལ་པོ་བཅུའི་རིང་། ངའི་ཁ་ཆུའི་ཐིགས་པ་ཁྱེད་ལ་འཐོར་མྱོང་ཞིང་། ངའི་འཛུམ་ཀོང་དང་གདོང་གཉེར་གྱིས་ཁྱེད་ཀྱི་རྨི་ལམ་དཀྲོགས་མྱོང་ལ། ངས་མིག་འོད་ཀྱིས་བསྐྱངས་ཤིང་ངས་མིག་འོག་ནས་འཚར་བའི་ངའི་སློབ་མ། ངས་རེ་བའི་མིག་ཞགས་ཀྱིས་རྒྱུན་རིང་བཅིངས་མྱོང་ལ་རྒྱུན་རིང་འཆིང་བཞིན་པའི་ཁྱེད་ཀྱིས། འཁྱམས་པོའི་ལས་དབང་གིས་སྐྲུན་པའི་སྤུ་གྲིའི་སོ་ཐོག་ཏུ་འཁྲབ་པའི་སྐྱོ་གར་གྱི་ལེ་ཚན་ཞིག་གནམ་འོག་འདིར་འཁྲབ་པའི་དགྱེས་སྟོན་གྱི་དབུ་ཁྱུད་བྲིས་པར་ངས་གསེར་སྲང་སྟོང་གིས་མི་ཁུག་པའི་ཡིད་རང་དང་བསྔགས་བརྗོད་ཁྱོད་ལ་ཕུལ་ཡོད་ལ། དབུ་ཁྱུད་འདིའི་གཤམ་ལ་བཞི་ཤད་དང་རྫོགས་ཚིག་གིས་མཇུག་སྡོམ་མི་འགོད་པར། ལྷག་བཅས་དང་ཆིག་ཤད་ཀྱི་མཚམས་སྦྱོར་བྱས་ནས། ཏེ་དེ་སྟེ་གསུམ་དང་འདྲ་བའི་སོ་རྩེ་གསུམ་གྱིས་གཞོན་ནུ་མའི་སྐུ་ལུས་དང་འདྲ་བའི་ཕྲ་ལྡེམ་འཁྱུག་པའི་སྨྱུ་གུ་ནམ་ཡང་མི་གློད་པར། གོམ་ཞིང་ཆེན་པོས་མདུན་བསྐྱོད་གནང་སྟེ། ངན་སྲོལ་ཐེར་འདོན་དང་། གོ་སྐོན་ར་སྤྲོད། སྐྱོན་ཡོན་ཡོ་སྲོང་གིས། སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་རིག་སྟོན་ཀའི་ཟླ་བ་དང་དབྱར་ཀའི་རྒྱ་མཚོ་བཞིན་སྤེལ་རྒྱུའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ལ། དེ་ནི་དགེ་རྒན་ཞིག་གིས་དགེ་ཕྲུག་ཅིག་ལ་བཀའ་ལུང་ཕེབས་པ་ཡིན་ཟེར་ན་ཆོག རྩོམ་རིག་རྒྱལ་གྱུར་ཅིག སྒྱུ་རྩལ་དང་ཚོར་བ་བརྡལ་བའི་རྩོམ་རིག་རྒྱལ་གྱུར་ཅིག རྩོམ་པ་པོ་རྒྱལ་གྱུར་ཅིག གནས་ལུགས་དང་དྲང་བདེན་འཚོལ་བའི་རྩོམ་པ་པོ་རྒྱལ་གྱུར་ཅིག

མིད་པའི་འཕྲང་ལམ་བཙན་གྱིས་བརྫངས་པའི་ཟས།།

མ་ཡིན་ཚོར་བའི་ཉིང་ཁུ་འཁྱིལ་བའི་ཆང་།།

ཡིད་ལ་སིམ་པས་སྙན་དགུའི་ཉམས་ལྡན་གླུ།།

མཁས་དགུའི་རྣ་བར་ནམ་ཡང་རྩེན་གྱུར་ཅིག།།

སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་གནས་མཆོག་དྲང་ལྷུང་བའི་ནགས་ཁྲོད། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོར། སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༦ ལ་བྲིས། ་་་་

གསལ་བཤད།་་་་བདག་གི་རྒན་མཆོག་གིས་བདག་ལ་འཚམས་འདྲི་དུ་གཏོང་བའི་རྩོམ་ཡིག་དེ་འདིར་འགོད་པ་ཡིན།