གྲོང་གསེབ་ནས་ཆོས་སྡེ་ཆེན་པོ་ཞིག་ལ་ཕྱིན་པའི་གཟའ་ཉི་མའི་ཉིན་ཐོ།

དེ་རིང་ང་རང་གི་གཟའ་ཉི་མའི་ཉིན་ཐོ་དེ་འབྲི་འདོད་བྱུང༔    དགེ་རྒན་ཞིག་གིས་ང་ལ་གསུང་པར་ཉིན་ཐོ་བྲི་བ་དེ་ནི་སྐད་ཡིག་ཡར་རྒྱས་ཀྱི་རྩ་འཛིན་བྱེད་ས་རེད་ཅེས་བརྗོད་མྱོང་ཡོད།   ཡིན་ན་ཡང་ཁོང་གིས་གང་གསུང་པ་དེ་ནི་དེ་རིང་མ་གཏོགས་ལག་ལེན་ཏུ་ཨེ་ཐེབ་ལྟ་མྱོང་མེད༔   དེ་ཙམ་དུ་མ་ཟད་མི་ང་རང་གིས་ཀྱང་སྐད་ཡིག་དང་དེ་ཡར་རྒྱས་ཟེར་བ་དེ་ནི་རྩ་ཆེན་རིགས་དངོས་ཞིག་ཡིན་པར་བསམ་མྱོང་ཡོད།   དེ་ལྟར་བསམ་པ་ཙམ་དེ་ཡང་ཡར་རྒྱས་ཀྱི་རྨིང་གཞི་ཞིག་ལ་བརྩིས་ཆོག་པར་འདུག    དེ་ངས་ཐོག་མར་ཉིན་ཐོ་འབྲི་བའི་གླེང་གཞི་དེ་ཡིན།

 དེ་ནས་ངས་གང་བཤད་པར་འདོད་པ་དེ་ནི་གཟའ་ཉི་མའི་ཞོགས་པ་ནས་མར་མ་ཉལ་བར་གྱི་བྱ་བ་དག་རེད༔    དེ་ནི་ཚང་མས་ཉིན་ཐོ་འབྲི་བའི་འགོ་འཛུགས་སྐབས་ཞོགས་པར་མལ་ལས་ལྡང་བ་མགོ་བརྩམ་པ་བཞིན་ངས་ཀྱང་ངོ༔    ང་ཞོགས་པར་ཆུ་ཚོད་དྲུག་ཙམ་ནས་ཡར་ལངས་ནས་གོས་གཙང་བ་དེ་རྣམས་ཚུར་བསལ་ནས་གྱོན་ཏེ་སྐྲ་དང་གདོང་པ་བཀྲུས་ནས་གདན་ཞིག་དང་ཕོར་པ་ད་དུང་ཀོང་ཕོར་རམ་བཏུང་ཕོར་(གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོ་ལས) ཞིག་ཀྱང་རྒྱབ་ཁུག་ཏུ་ཁུར་ནས་རྐང་ཐང་དུ་སོང་བ་ཡིན།    ང་འགྲོ་ས་དེ་ནི་སྦིར་ནས་སྦིར་ཇོན་དྡྷི་ར་རྫོང་སར་བཤད་གྲ་རེད།   ང་སྦིར་ཕར་མཆོག་ལ་བསླེབས་པ་དང་མཉམས་དུ། དེ་ན་མི་མང་དང་གྲ་པ་མང་པོ་ཡང་ཆོས་ཞུ་རུ་འགྲོ་གྲབ་བྱེད་བཞིན་དུ་རྩེད་མོ་རེ་རྩེད་བཞིན་འགྲུལ་འཁོར་བསྒུག་བཞིན་འདུག     ངས་བསམ་པར་འདི་ནས་རྫོང་སར་བཤད་གྲ་བར་ལ།   བར་ཐག་དེ་ཙམ་མི་རིང་བས་རྐང་ཐང་དུ་སོང་ན་ལུས་རྩལ་ཡང་ཆགས་བས་དེ་བདམས་ནས་སོང་བ་ཡིན།      བར་མཚམས་ཤིག་ལ་སླེབ་ནས་ཡོད་སྐབས་འགྲུལ་འཁོར་གིས་རྗེས་བཅད་ནས་ཡོང་གིན་འདུག      ངའི་ལམ་གྲོགས་དག་གིས་ཀྱང་འགྲུལ་འཁོར་དུ་འགྲོ་བར་ཐག་བཅད་མཚམས་དེར།  ང་རང་ཡང་ཁོང་ཅག་དང་མཉམ་དུ་ཕྱིན་པ་ཡིན།    དེ་ནས་ནི་བར་ཐག་མི་རིང་ཧིན་སྒོར་གཅིག་གིས་རིན་པའི་ཐག་ཧ་ཅུང་ཉེ་ས་དེར་སླེབས་སོང༔   ཇོན་དྡྷི་རར་སླེབས་པ་དང་ནང་ཆེན་གཞི་ཆགས་ཡོད་ས་མར་སོང་བ་ན།   དེ་ནས་མར་རྫོང་སར་བཤད་གྲའི་བར་དུ་ཁུག་ལེན་བྱེད་ནས་འགྲོ་ས་འདུག   ས་ཆ་དེར་སླེབས་དང་མི་རྣམས་ཀྱི་སེམས་སུ་རྒྱུན་དུ་ནས་།   ཨ་ཇི་འདྲའི་ས་ཆ་སྐྱིད་པོ་ཞིག་བསམ་ནས་ཧ་ལས་ལས་བྱེད་བཞིན་ཡོད་པ་བཞིན༔   ང་དང་ངའི་གྲོགས་པོ་ཚོས་ཀྱང་དེ་སྐད་དུ་ངག་ནས་ཐལ་བྱུང།     དེ་ནས་མར་བཤད་གྲ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སྒོ་རུ་སླེབ་དང་མཉམ་དུ།   དེ་ན་བག་ལེབ་བཙོང་མཁན་ཁག་གསུམ་ཙམ་ཞིག་འདུག་ལ།   དེ་ལ་མི་མང་པོས་ཞོགས་ཟས་ལ་བྲེལ་བཞིན་པ་དང།  གྲ་ཚང་དང་དབྱིན་ཇིའི་དང་།   རྒྱ་ནག་གི་དང།   འབྲུག    དེ་བཞིན་དུ་ཐེའི་ཝན་དང་།   བོད་པ།  ཤར་པ།  རྟ་མོང།   ནེ་པལ་སོགས་མི་རིགས་སྟོང་ཕྲག་མང་པོའི་འཚང་ཁ་ཤིག་ཤིག་ཐོག་ནས།     གཅིག་གིས་གཅིག་ཕན་ཚུན་སྣེ་ལེན་དང།   ཞོགས་ཇ་འཐུང་བ།  རེས་འཁོར་རྣམས་ཀྱིས་དེ་བས་འཚང་ཁ་དགོད་པ་བཅས་མདོར་ན་ས་མདོ་དེ་རུ་ང་རང་ཡང་སྐལ་བ་བཟང་པོ་ངང་ནས་སླེབ་སོང།

ནང་ཆེན་གྱི་གྲོང་པ་དེ་དང་ཅུང་ཐ་ཉེ་ས་དེ་ན་དཔལ་ས་སྐྱ་བའི་གྲགས་སྙན་གྱི་སྙན་པ་ལྡིར་བའི་ཆོས་ཀྱི་སྡེ་ཆེན་པོ་རྫོང་སར་བཤད་གྲ་འཇམ་དབྱིངས་ཆོས་ཀྱི་བློ་གྲོས་དགའ་བའི་ཚལ་ཆེན་པོ་ཕྱི་ཡི་རྣམ་པ་ལྷ་ཡུལ་གྱི་བཀོད་པ་མི་ཡུལ་དུ་འཕོས་པ་ལྟ་བུའི་མི་ཡུལ་གྱི་ཞིང་ཁམས་དེ་ན།      བོད་གངས་ཅན་པའི་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་ཐམས་ཅད་ཀྱི་ཆོས་བཀའ་མན་ངག་ཐམས་ཀྱི་བདག་པོ་གོང་མ་དག་གིས་མཆོག་ཏུ་བཀུར་བའི་མན་ངག་ཐམས་ཅད་ཀྱི་བདག་པོར་གྲགས་པའི་༧འཇམ་དབྱངས་མཁྱེན་དབང་པོ་སྐུ་ཕྲེང་གསུམ་པ་དུས རབས་ཉི་ཤུ་བའི་བོད་ཀྱི་བླ་ཆེན་འཛམ་གླིང་ལ་གྲགས་པ་འབར་ཞིང། མཁྱེན་བརྩེ་རིན་པོ་ཆེ་ཡང་དེང་སྐབས་འཛམ་གླིང་ལ་སྐད་གྲགས་ཆེ་ཤོས་ཀྱི་བླ་མ་ ཞིག་ཡིན་ལ། དབྱིན་ཇིའི་ཨོགཟེ་ཕོར་གཙུག་ལག་མཐོ་སློབ་བམ་ཉིག་ཅིན་སློབ་གྲྭ་ ཆེན་མོའི་མཚན་འཛིན་སློབ་དཔོན་ཞིག་རེད་ལ།

སྐུ་ཕྲེང་གསུམ་པ་༧རྫོང་སར་མཁྱེན་རྩེ་རིན་པོ་ཆེ་མཆོག་ཁོང་གིས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་གི་མཛོད་ཆེན་ལྔའི་ཡ་ཀྱལ་བསྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་བ་གདམས་ངག་མཛོད་ཆེན་ཀྱི།   དབང་དང་ལུང་ཁྲིད་དང་གདམས་པ་རྒྱབ་ཆོས་དང་བཅས་པ་དད་ལྡན་གྲ་བཙུན་དང་།  སྔགས་པ།  དགེ་བསྙེན། སྤྱིར་ཁྱིམ་པ་བཅས་པ་སྟོང་གསུམ་ཙམ་ལ་ཟླ་གཉིས་ཀྱི་རིང་ལེགས་པར་བསྩལ་བཞིན་པའི་ཉིན་ཐ་མའི་གཉིས་པའི་དུས་ཆེན་ཁྱད་པར་ཅན་དེ་ཁེལ་འདུག།

ཁོང་གིས་དབང་ལུང་དེ་དག་ཁྲིད་སྟངས་དེ་ནི་ལས་བྱང་གི་བསྙེན་སྒྲུབ་དང་སྦྲེལ་བ་དང་།    དུས་དང་དུས་སུ་ཐུན་བཅད་ནས་ཞི་ལྷག་སོགས་དང་དེ་དག་གི་རྩ་བར་གྱུར་པའི་མར་ཤེས་དྲིན་དྲན་དང།  མདོར་ན་ལྷ་ཆོས་བདུན་ལྡན་གྱི་ཉམས་ལེན་ཟེར་བ་ལྟར་དུ་སྒོམ་དུ་བཅུག་གིན་ཡོད་ལ།  སྐབས་དང་སྐབས་རྣམས་སུ་དེ་དག་གི་དོན་སྙིང་པོར་དྲིལ་བའི་བཀའ་སློབ་དེང་དུས་སྤྱི་ཚོགས་དང་འབྲེལ་བ་དང།   བླ་མའི་གདམ་པ་དང་འབྲེལ་བ།   ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་འབྲེལ་བ།  ཁོང་གི་སློབ་མ་རྣམས་ནི་འཛམ་གླིང་གི་ཕྱོགས་གང་སར་ནས་ཡོད་པས།   དམ་པ་ཁོང་གིས་ཕྲིན་ལས་ནི་གོ་ལའི་རང་བཞིན་ཅན་དང་འབྲེལ་བ་དེ་ལྟ་བུའི་སྒོ་ནས་གསུང་ཆོས་གནང་བཞིན་འདུག

སྐབས་དེ་དང་དེ་རྣམས་སུ་ང་རང་གིས་དོ་སྣང་གསར་པ་ཞིག་བྱུང་བ་དེ་ནི།   ཁོང་གི་སློབ་མ་ཕྱི་རྒྱལ་མགོ་སེར་དང་ཨ་ཤིའི་ཡ་ནས་འབྲུག་པ་དང་།   ཤར་པ།   མོན་པ།  རྒྱ་ནག   རྣམས་ནས་ཡོང་བ་མང་ཆེ་བས་བོད་ཡིག་གི་ཀློག་ལ་ཐོག་པ་མེད།    རྒྱུན་དུ་ཕྲེང་བ་འདྲེན་ནས་བསྙེན་པ་འདོན་པ་དང།    ཚོགས་དང་གསོལ་ཁ་ལས་བྱང་གང་གི་སྐབས་ཡིན་ཡང་དད་པ་དག་སྣང་དང་།   གང་འདོན་བཞིན་པ་དེ་དོན་གོ་བའི་ཐོག་ནས་འདོན་བཞིན་པ་་ཡོད་པ་ང་རང་གི་མིག་ལམ་དུ་མངོན་སྐབས་།  དུས་རབ་འདི་ཡི་ཆོས་པ་ཟེར་བ་དེ་འདི་ལྟ་བུ་དེ་ཚོ་ཡིན་ས་རེད་བསམ་ནས་སེམས་ནས་སྨོན་པ་ཤོར་མྱོང་ལ།    ད་དུང་གཅིག་སེམས་ནང་ལ་མི་འདོད་བཞིན་དུ་གཅིག་ངམ་ངམ་ཤིག་གྱིས་སླེབ་འོང་བ་དེ་ནི། ངེད་བོད་པ་ཚང་གི་ཡང་འདི་འདྲ་འདོན་གིན་ཡོད་བསམ་ནས་།    མར་སྤྲུན་ཟླ་རྣམས་ལ་རེ་ལྟ་སྐབས།   ཁོང་ཅག་ཉོབ་སྣང་ཅིག་གི་ངང་ལ་ཡི་གེ་སོགས་ཅི་ཡང་གྲ་འགྲིག་མེད་ཅིང།   ཚོགས་འདུ་ཞིག་ལ་ཉན་དུ་ཡོང་བ་ལྟ་བུ་ཞིག་བྱས་ནས་བསྡད་འདུག།    དེ་ནས་ངས་ཡང་བསྐྱར་བསམ་མནོ་ཞིག་འཁོར་དུས།   བོད་དོན་ལས་འགུལ་སོགས་ཀྱི་ནང་དུ་མཉམ་ཞུགས་མེད་ལ༔   ཆོས་ལ་ཡང་དོ་སྣང་ཆད་ནས་དཔལ་འབྷྱོར་ཁོ་ན་ལ་མགོ་འཁོར་ནས་ཡོད་པའི་དངོས་གནས་ངེད་བོད་པ་ཚང་ཟེར་བ་དེ་་ལ།   ཚེ་འདི་ཡི་འདུག་ཆས་ཡང་མེད་པར་མ་ཟད།   ཕྱི་མར་འགྲོ་བའི་ཆོས་ཀྱང་མེད་པར་ཨ་ཁ་ཁ་སྙམ་པ་ཅིག་བྱུང།      བར་ལམ་ཞིག་ནས་བོད་པས་ནང་ཆོས་དང་བོད་ཡིག་ནུབ་ཕྱོགས་ནས་ཚུར་སྦྱང་དགོས་པའི་ཉི་མ་དེ་ཤར་བ་ལ་སྐྱ་རེངས་སླེབས་སོང་བསམ་པ་ཞིག་བྱུང༔   སྐྱབས་མགོན་རིན་པོ་ཆེས་བོད་པ་ཟེར་བ་དེ་ལ་སྦོབས་པ་བྱེད་འོས་པ་ཞིག་ཡིན་ཟེར་བ་དེ་གཞི་ནས་དྲང་དོན་ཡིན་པ་གོ་བྱུང།

དེ་ཡི་སྔ་དྲོའི་ལས་རིམ་ནང་དུ་ཆུ་ཚོད་ཕྱེད་ཙམ་རིང་ལ་བཀའ་སློབ་རྣམས་མང་དུ་གསུང་བྱུང།   དེ་ཡི་ནང་ནས་ཁོང་གིས་གསུང་པར།   ད་རེའི་ཆོས་ཚོགས་ཆེན་པོ་འདི་འདྲ་བ་རྒྱ་ཆེན་པོ་ཞིག་ཡོང་བ་འཆར་གཞི་ནང་མེད་ཅིང།    སློབ་མ་ཉུང་ཤས་ཤིག་ལས་གཞན་མང་པོ་ཞིག་མ་ཕེབས་ན་ཡག་པོ་འདུག་ཅེས་སྔོན་མ་ནས་བཤད་ཡོད་དེ་ཡིན་ན་ཡང་མང་པོ་ཞིག་ཕེབས་བྱུང།     ངས་ཁྱེད་རང་ཚོ་ཞིག་མ་ཕེབས་ན་ཟེར་དོན་དེ་ནི།   སྤྱི་ཡི་ཆ་ནས་ང་ལ་བླ་མའི་ཡོན་ཏན་གང་ཡང་མེད་པ་དང།   ཁྱད་པར་ང་རང་ཚོ་བླ་སློབ་ཀྱི་འབྲེལ་བ་ཟེར་བ་དེ་ཧ་ཅུང་གིས་ཁག་པོ་རེད།   བླ་སློབ་ཟེར་བ་ཞིག་ཆགས་ཚར་ནས་བཟུང་སྟེ་དད་པ་དང་དམ་ཚིག་ཟེར་བ་ཞིག་ཏན་ཏན་རང་གཞན་གཉིས་ཀ་ལ་དགོས་རྒྱུ་ཞིག་ཆགས་ཡོད་དུས།    ཚང་མས་ངོས་ནས་འབད་པ་བྱེད་དགོས་པ་དང།   ཁྱད་པར་དུ་བླ་མའི་ཉེ་འཁོར་ལ་མང་པོ་བཅར་བ་ཡིན་ན།   བླ་མ་དེ་སྐྱོན་ཀུན་ཟད་ཅིག་ཆགས་ཚར་མེད་པས།   སྐྱོན་ཟེར་བ་དེ་ག་དུས་ཡིན་ན་ཡང་སུ་ལ་ཡང་ཡོང་བཞིན་ཡོད་པས།    བླ་མ་དང་ཏོག་ཙམ་བཀྱེད་ནས་ཐག་རང་ས་བླ་མ་ཡག་པོ་ཡོན་ཏན་དང་ལྡན་པ་ཞིག་ཡིན་རྒྱུ་རེད་བསམ་ནས་རང་རང་སོ་སོའི་ཉིན་བཞིན་འབད་ན་གྲུབ་འབྲས་མི་ཉུང་བ་རེ་ཏན་ཏན་ཡོང་གི་རེད་ཅེས།   བཞད་མོ་དང་བཅས་ནས་གསུང།

དེ་ནས་ལྷག་པར་ཏུ་དགེ་འདུན་པ་དང།   ཚང་མས་ཚོས་འདི་ཞུ་ཚར་བའི་རྗེས་ལ་རང་རང་སོ་སོའི་རྒྱུད་ནས་ཆོས་ཟེར་བ་དེ་མ་ཉམས་པར་བྱེད་དགོས་པ་དང།   སྤྱིར་བསྟན་པ་དམ་པའི་ཆོས་འདི་འཛམ་གླིང་གང་སར་ཉམས་པ་མེད་པའི་ཕུག་རེ་དང།    མ་མཐའ་ཡང་རང་གཞན་དང་ཡུལ་གྲུ་ཀུན་ལ་བསྟན་པ་འདི་ཉམས་ཀྱིས་དོགས་པའི་སེམས་ཁྲལ་རེ་མི་རེའི་རྒྱུད་ལ་ངེས་པར་དུ་ཡོད་པ་བྱེད་དགོས་ཞེས་པའི་བཀའ་སློབ་གནང་སོང༔

དེ་ནས་ཚེ་དབང་དང།    དེ་ཡི་རྗེས་ནས་ཚོགས་འཁོར་བསྐོར་བ་དང།    ཚོགས་གྱི་གླུ་བླངས་ཤིང།   རྡོ་རྗེའི་ལྷ་མོའི་བྲོ་གར་ཞིག་ཞིག་ཀྱང་འཁྲབས་སོང།     དེ་ནས་ཉིན་གོང་གསོལ་ཚིགས་ཆོས་ཞུ་བ་ཡོང་ལ་གནང་བཞིན་འདུག་ལ།   ང་རང་གིས་ཀྱང་སྔ་སའི་ནས་གྲ་སྒྲིག་ཡོད་པ་ནང་བཞིན་ཕོར་པ་ཆེན་པོ་དེ་ཁྱེར་ནས་མང་ཚོགས་དང་མཉམ་དུ་པང་གྲལ་དུ་སོང་དེ་ཟ་མ་བརྒྱག་ཚད་ཞིག་ཟོས་པ་ཡིན༔   དེ་ནས་ཕྱི་དྲོ་རིན་པོ་ཆེ་ལ་ཞབས་བརྟན་འཚོགས་རྒྱུ་ཁེལ་འདུག་པས་དེ་འཚོགས་ནས།   ང་རང་ལ་འབྲུག་གི་གྲོགས་པོ་གྲོགས་པོ་ཞིག་ཡོད་པ་དེ་དང་མཉམ་དུ་མཉམ་དུ་ཡར་སྦིར་ལ་ཡོང་བ་ཡིན།    ད་དུང་དེ་ནས་དགོད་བྲོ་བའི་ང་རང་གི་ཟློས་གར་དེ་རྗེས་ནས།  ༢༠༡༣་་་་༡་༢༡་་ལ་བྲིས