གཉིད་ཡུར་བ།
གཉིད་ཡུར་བ།
དྲ་མའི་ཤེལ་ངོགས་ཀྱི་ཟླ་བ་དཀར་སིལ་སིལ
འོད་ཟེར་གྱི་རྒྱ་མཚོའི་འགྲམ་ནས
མིག་ཟུམ་གྱི་བ་གམ་ན་བརྩེ་འདང་འཁྱིལ་བའི
བྱིས་པ་ཞིག་གི་རུམ་ཁར་མྱུག་གིན་འདུག
ས་གཞི་དང་ཆུ་བོ རི་ཀླུང
སྲོག་ཆགས་དག་གིས་སེམས་ཆུང་ངང
ཁྱེད་ཀྱི་ངོ་གདོང་ལ་བྱིལ་བྱིལ་འགའ་བྱས་ནས
རང་རང་ལྷིང་འཇགས་གེར་རྨི་ལམ་དུ་ལོག་སོང
བརླང་སྤྱོད་ཀྱི་སྦྲང་བུ་སེམས་ནག་དེས
ཁྱེད་ཀྱི་སྒེའུ་ཁུང་ནས་ལྐོག་ལྟ་འགའ་རྒྱག་རྗེས
ཐལ་ལྕག་འདྲ་བའི་གཤོག་རྡེབ་དམར་ནག་དེས
ཁྱེད་ཀྱི་ངོ་གདོང་བཀབ་ནས
ཁྱེད་རང་སྔ་ལམ་དུ་གཏོང་བའི་ཚོད་ལྟ་བྱེད་བྱུང
ཞོགས་ཀར་བསེར་བུས་ལྗོན་པ་ལྕུག་ལྕུག་ཏུ་གཡོ
རྩ་གསེབ་ན་ཡོམ་ཡོམ་དུ་འགྲིལ་བའི་ཆུ་ཐིག་དེ
དཀར་གསལ་སྣང་བ་གོར་བུ་ཞིག་ཏུ་གྱུར་ཏེ
ཁྱེད་ཀྱི་མཁུར་ཚོས་ན་བཞུར་དུས
ཁྱེད་ཀྱི་ལག་པ་གཉིས་ཀ་འགུལ་བྱུང
༢༠༡༣་༡་༢༠