ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་རྗེས་དྲན་དུ་ཕུལ།།
༧པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
སྨག་རུམ་གྱི་མུན་པར་འཛད་མཐའ་མེད་དུས།།
གདུག་རྩུབ་ཀྱི་དྲག་ཆར་ཆད་རྒྱུ་མེད་དུས།།
དཀར་གཙང་གི་གངས་རིར་ཁྲག་དམར་འབྱུག་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
ཕམ་ཁ་ཡི་མིག་ཆུ་རྒྱ་མཚོར་འདྲེས་དུས།།
མེས་པོ་ཡི་ཞབས་རྗེས་དགུང་ལ་ཡལ་དུས།།
གངས་ལྗོངས་སུ་དགྲ་བོའི་བཤས་ར་འཛུགས་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
རབ་མཛེས་ཀྱི་ས་འཛིན་བཤགས་བཅོས་གཏོང་དུས།།
རིན་བྲལ་གྱི་ཁྱད་ནོར་ཙི་ནར་འདྲེན་དུས།།
ཉེས་མེད་ཀྱི་གངས་ཕྲུག་ཁྲིམས་ལ་འབྱོར་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
ཤེས་ཡོན་གྱི་དགའ་ཚལ་སེར་བས་གཙེས་དུས།།
དབྱངས་གསལ་གྱི་མེ་ཏོག་སད་ཀྱིས་འཇོམས་དུས།།
རྩམ་པ་དང་འབྲས་སྐྱ་གཅིག་ཏུ་སྲེ་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
རྒྱ་དམར་གྱི་ཁྱིམ་གཞིས་བོད་དུ་སྤོ་དུས།།
གངས་ཕྲུག་རྣམས་དགྲ་བོའི་བྲན་དུ་འགྱུར་དུས།།
གདོང་དམར་བའི་སེམས་ཁམས་སྒོར་མོས་སླུ་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
ཚན་རྩལ་གྱི་དུ་ཞགས་མཁའ་ལ་འཕྱུར་དུས།།
སྲིད་པ་ཡི་གངས་རི་ཚ་བས་མནར་དུས།།
མུ་མེད་ཀྱི་སྣེའུ་གསིང་བྱེ་སར་འགྱུར་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
མཐོ་སྒང་གི་འབྲོག་མོ་རོང་སར་འབེབ་དུས།།
ནོར་གནག་གི་ལས་དབང་བཤས་རར་འགྲིམ་དུས།།
གཡང་དཀར་གྱི་ཕ་ཁྱིམ་བཙན་གྱིས་འཕྲོག་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
རྨ་འབྲི་ཡི་ལོ་རྒྱུས་ཆད་ལ་ཉེ་དུས།།
ཡར་ཆབ་ཀྱི་རྐང་ལམ་བོར་ལ་ཉེ་དུས།།
རྣམ་མཛོད་ཀྱི་ཕ་ས་སྟོང་ལ་ཉེ་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
སྤྲེའུ་སྲིན་གྱི་བུ་ཚའི་མདུན་ལམ་རླག་དུས།།
ཡབ་མེས་ཀྱིས་བཞག་པའི་ལུགས་བཟང་རླག་དུས།།
ཡུམ་སྐད་ཀྱི་རྩ་བའི་རིན་ཐང་རླག་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།
གུང་ཁྲན་གྱི་ཟློས་གར་གོ་ལར་འཁྲབ་དུས།།
ཕྱི་གླིང་པའི་སེམས་ཁམས་ཚོང་གིས་སླུ་དུས།།
རྫུན་གཏམ་གྱིས་བདེན་པའི་བ་དན་སྲེག་དུས།།
༸པཎ་ཆེན་ལགས། ཁྱེད་ཉིད་དྲན་བྱུང་།།
ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་ཉིན་ཕུལ།