སྐྱོ་གར་གྱི་ངུ་ངག
ཉིན་ཐོ། མལ་ལས་མྱུར་མོ་ལངས་ནས་ཞལ་འདོན་ལ་ཆས།
ཞལ་འདོན་གྱི་སྒྲ་དབྱངས་དང་བྱེའུ་ཅ་ཅོ་སྒྲོགས།
སློབ་མ་ཚོས་བློ་རྩེ་གཅིག་སྒྲིལ་གྱིས་ཞོགས་པའི་ཞལ་འདོན་སྐྱོར།
དེ་ནས་འུ་ཚོ་སྒོ་རུ་བུད་ཐལ།
སློབ་མ་ཞིག་ངུ་འཆོར་ནས་སྡོད་འདུག
དེ་ནས་ཁོ་ཚོ་རུལ་རུལ་བྱེད་ནས་སེམས་གསོ་གནང་གིན་འདུག
ངས་དོན་རྐྱེན་ཅི་ཞིག་འཕྲད་པ་སྐད་ཆ་དྲིས་དུས།
སློབ་མ་ཚོས་བཤད་ཕོད་ལ་མ་ཕོད་བྱེད་ཀྱིན་འདུག
རེད།
མོ་རང་ལ་ཅི་འདྲའི་སྐྱོ་གར་གྱི་སྡུག་བསྔལ་ཕྲད་སོང་།
མོ་ད་དུང་ངུ་ནས་མཚམས་འཇོག་གིན་མི་འདུག
དེ་ནས་ང་རང་ཡང་ངུ་ཤོར་ནས་མིག་ཆུ་མིག་མཐའ་འཁོར།
འོན་ཀྱང་།
ངས་བཟོད་བསྲན་གྱིས་མོ་ལ་གང་ཐུབ་ཀྱི་ངུ་མ་ཉན་པའི་ཁ་ཏ་བྱས།
དེ་ནས་མོ་རང་གི་ནང་མི་ལེན་མཁན་དུ་སླེབས་སོང་།
ངས་སྒོ་ཕྱི་རུ་འཁྲིད་ནས་ཡོང་།
ད་དུང་ངུ་མཚམས་མི་ཆད།
མོ་རང་གི་སྤུན་མཆེད་དེས་སེམས་གསོ་བྱེད་ནས་བུད་ཐལ།
ང་ཡང་ཁ་ཕྱི་རུ་འཁོར་ནས་མིག་ཆུ་ཕྱིས།
མཛའ་བོ་ཚོ། མོ་རང་ངུ་འཆོར་དགོས་དོན་ཅི།
ངས་དྲང་མོ་ཞུ་ན་མོ་རང་གི་པཱ་ལགས་འདས་གྲོངས་སུ་གྱུར་འདུག
ཕྱི་ལོ་༢༠༡༣་ཟླ་བ་༡་པའི་ཚེས་༡༡་ཉིན་དོན་རྐྱེན་དེ་བྱུང་དུས་བྲིས།
