དེ་རིང་གི་སྣང་ཚུལ།
མེ་ཏོག་སྣ་མང་བཞད་སའི་སྐྱིད་པའི་མཛེས་ལྗོངས།།
ནགས་ཚལ་ལྗོན་པའི་ལང་ཚོ་རབ་ཏུ་རྒྱས་ས།།
ཡིད་འོང་མཛེས་སྡུག་འཛུམ་སའི་ས་ཆ་འདི་རུ།།
མངོན་སུམ་མིག་ལ་སྣང་ཚེ་སྐྱོ་བ་སང་བྱུང་།།
གསེར་མདོག་ཉི་འོད་འབར་བའི་འབྲི་གུང་སློབ་གླིང་།།
བཟོ་བོ་མཁས་པའི་པུར་གྱི་བྲིས་པ་འདྲ་བ།།
དེ་རིང་དངོས་སུ་མཇལ་བའི་དད་པའི་རི་མོ།།
སྙིང་གི་སྒྲོམ་ཆུང་དཀྱིལ་དུ་དད་གདུང་འཁྲིགས་སོང་།།
འབྲི་གུང་དཔེ་མཛོད་ཆེན་མོའི་བཟོ་བཀོད་མཚར་སྡུག།
འཁོར་ཡུག་དཀར་དམར་བཞད་པའི་མེ་ཏོག་སྣ་མང་།།
ལྷིང་འཇགས་ལྡན་པའི་མཐོན་པོའི་ཁང་བརྩེགས་འགྲམ་ན།།
སྲོང་བཙན་སྒམ་པོའི་འབག་སྐུ་ཅི་འདྲའི་མཛེས་ཨང་།།
སྣུམ་ལམ་མར་སྐུད་འཐེན་འདྲའི་སྐང་ལམ་མཐའ་ན།།
གྲུ་བཞིའི་རྡོ་ཕག་བརྩེགས་པའི་ལག་རྩལ་གཙང་མ།།
མཐའ་སྐོར་ཡངས་པའི་རྩྭ་ཐང་སྔོ་ལྗང་ལེམ་མོ།།
མིག་གི་དགའ་སྟོན་དྲོན་མོ་འདི་ནས་མྱོང་སོང་།།
འཆད་རྩོད་རྩོམ་གསུམ་གནང་སའི་བཤད་སྒྲུབ་སློབ་གླིང་།།
འབྲི་གུང་བཀའ་བརྒྱུད་བསྟན་པའི་འབྱུང་ཁོང་་མ་ནོར།།
བསྟན་ལ་གསེར་འོད་འཕྲོ་སའི་ཆོས་སྡེ་ཆེན་མོ།།
འཆད་རྩོད་ཆོས་སྒྲའི་དབྱངས་སྙན་ཇི་འདྲའི་སྙན་ཨང་།།
བསྟན་པའི་བདག་པོ་འབྲི་གུང་སྐྱབས་མགོན་བླ་མ།།
ཁྱེད་ཅག་མགོན་དུ་བཞུགས་པ་ཇི་འདྲའི་སྐྱིད་པ།།
དཔོན་སློབ་དམ་ཚིག་གཙང་མའི་མཛད་བརྩེ་ཟབ་པ།།
མཇལ་ན་དད་པའི་སྤུ་ལོང་ཐོལ་གྱིས་ལྡང་ཡོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བདེ་སྐྱིང་གཞིས་སྒར་ནས་སུག་བྲིས་བགྱིས་སོ།། ༢༠༡༣ ༡ ༡༡